གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཁོར་ལམ་བཟོ་སྐྲུན་འབད་བའི་བསྒང་ཡོད་རུང་ མི་སེར་ཚུ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ།

༡༠/༤/༢༠༡༣  ༉ ཧེ་མ་ཚར་ཅིག་ ཁེངས་སི་ལམ་སྦིས་གཡུས་ཚན་གྱི་ མི་སེར་ཚུ་གིས་ སྐྱེས་ལོ་༥༥ ལང་མི་ ད་རེས་ཀྱི་རྒཔོ་ ཚེ་རིང་རྡོ་རྗེ་ལུ་ སྤྱི་མི་འབད་དགོཔ་སྦེ་ ལོག་ཅི་ར་ ཨུ་ཚུགས་བསྐྱེད་ཡོདཔ་ཨིན་རུང་ ཁོ་གིས་ ཁ་བཟེད་མ་བཏུབ་ཨིན་པས།
འཁོར་ལམ་བཏོན་ནི་ལུ་ དུས་ཡུན་ཟླཝ་༢ དེ་ཅིག་འགོར་མི་ དྭགས་སའི་བྱག།


དེ་ཡང་ མོང་སྒར་རྫོང་ཁག་གི་རྒེད་འོག་༡༧ གྱི་གྲས་ལས་ སི་ལམ་སྦིས་དེ་ མཐའ་ཟུར་གྱི་ རྒེད་འོག་ཅིག་ འབད་ནི་དེ་གིས་ རྫོང་ཁག་ནང་ འཆར་གཞིའི་ལཱ་འབད་དགོཔ་དང་ ཐ་ན་ ཡི་གུ་ཕུད་རྡོག་གཅིག་ལས་བརྒལ་མེད་རུང་ རྐང་སྟོང་སྦེ་ དུས་ཡུན་བདུན་ཕྲག་ལས་བཅད་དེ་ རྫོང་ཁག་བདག་སྐྱོང་ནང་ འགྱོ་དགོ་མི་ལུ་བརྟེན་ཏེ་ཨིན་པས།
ད་རེས་ནངས་པ་ ཁོ་ར་ རྒཔོ་འབད་ ཕྱག་ཞུ་བའི་སྐབས་ ཧེ་མའི་གནས་སྟངས་ནང་བཟུམ་སྦེ་ དཀའ་སྡུག་སྦོམ་ མྱོང་མ་དགོ་མི་དེ་ཡང་ སི་ལམ་སྦིས་རྒེད་འོག་ནང་ གཞུང་གིས་ འཁོར་ལམ་ཅིག་ སེལ་བའི་བསྒང་ཡོད་མི་ལུ་བརྟེན་ཏེ་ཨིནམ་ད་ འཁོར་ལམ་དེ་ ད་རེས་ རྒེད་འོག་གི་ས་གནས་ དྭགས་ས་ཟེར་སར་ ལྷོད་ཡོདཔ་ཨིན་པས།
རིང་ཚད་ཀི་ལོ་མི་ཊཪ་༧༠ ལྷགཔ་ཅིག་འབད་མི་ འཁོར་ལམ་དེ་ ལོ་༥ དེ་ཅིག་གི་ཧེ་མ་ གླིང་མེད་ཐང་གི་ ཉེ་འདབས་ཀྱི་ས་གནས་ སྨན་ཆུ་སྒང་ཟེར་ས་ལས་ འགོ་བཙུགས་ཡོདཔ་ད་ འཁོར་ལམ་དེ་ ས་གླིང་རྒེད་འོག་ བཱོག་གསར་གཡུས་ཚན་བརྒྱུད་དེ་ བསལ་དོ་ཡོདཔ་ད་ ད་ལྟོ་ཚུན་ལུ་ ཀི་ལོ་མི་ཊར་༥༢ དེ་ཅིག་ བསལ་ཚར་ཡོདཔ་ཨིན་པས།
འཁོར་ལམ་དེ་ལུ་བརྟེན་ སི་ལམ་སྦིས་རྒེད་འོག་གི་ མི་སེར་ཚུ་གིས་མ་ཚད་ རྫོང་ཁག་གི་ མཐའ་ཟུར་རྒེད་འོག་ གཞན་མི་ཅིག་ཨིན་མི་ དགོངས་འདུའི་ མི་སེར་ཚུ་ཡང་ སེམས་དགའ་སྟེ་ ཡོདཔ་ཨིན་པས།
སི་ལམ་སྦིས་རྒེད་འོག་ ཝ་མ་གཡུས་ཚན་ལས་ སོ་ནམ་པ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སི་ལམ་སྦིས་རྒེད་འོག་དང་ དགོངས་འདུ་རྒེད་འོག་གི་ མི་སེར་ཚུ་ ཚྭ་ཚོ་ཏོ་ཅིག་ལས་བརྒལ་ ཉོ་ནི་མེད་རུང་ རྐང་སྟོང་སྦེ་ ནགས་ཚལ་སྟུག་དྲགས་ཚུ་བརྒྱུད་དེ་ རྐང་སྟོང་སྦེ་ མོང་སྒར་ལུ་འགྱོ་དགོཔ་ལས་ དཀའ་དཔྱད་སྦོམ་ བྱུང་ནི་ཡོད་ཟེར་ཨིན་པས།
ཨིན་རུང་ ད་རེས་ནངས་པར་ ད་ལྟོ་བསལ་བའི་བསྒང་ཡོད་མི་ འཁོར་ལམ་དེ་ གཡུས་ཚན་གྱི་སྦོ་ལོགས་ཁར་ ལྷོད་དེ་ཡོདཔ་ལས་ ཕན་ཐོགས་སྦོམ་ བྱུང་སྟེ་ཡོད་ཟེར་ རྣམ་རྒྱལ་གྱིས་ སླབ་ཨིན་པས།
སོ་ནམ་པ་ལས་སྐྱིད་ཀྱིས་ ཧེ་མའི་གནས་སྟངས་ཚུ་ དྲན་ཚོར་འབད་དེ་ སླབ་མིའི་ནང་ ཧེ་མ་ འཁོར་ལམ་མེད་པའི་སྐབས་ རྟ་ཚུ་བདའ་སྟེ་ མོང་སྒར་ལུ་འགྱོ་དགོཔ་ལས་ མི་རྐྱངམ་གཅིག་མེན་པར་ སེམས་ཅན་ཚུ་ལུ་ཡང་ དཀའ་སྡུག་སྦོམ་ བྱུངམ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཁོར་ལམ་དེ་ལུ་བརྟེན་ མི་སེར་དང་ ཁ་སླབ་མ་ཤེས་པའི་ སེམས་ཅན་ཚུ་ལུ་ཡང་ བདེ་བ་སྦོམ་ བྱུང་ཡི་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ འཁོར་ལམ་ལས་བརྟེན་ ད་ལས་ཕར་ ཁེངས་ཀྱི་མི་སེར་ཚུ་ རང་མགོ་རང་འདྲོངས་ བཟོ་ཚུགས་ནི་ཨིནམ་ཚད་ ཚོང་འབྲེལ་གྱི་དོན་ལུ་ཡང་ ལཱ་རྩ་འགེངས་འབད་ནིའི་ འཆར་གཞི་ཚུ་ཡོདཔ་ལས་ གོང་འཕེལ་གྱི་ལཱ་ ག་ཅི་བཟུམ་ཅིག་ར་ འབད་དགོ་རུང་ སྟབས་བདེ་ནི་མས་ཟེར་ཨིན་པས།
འཁོར་ལམ་དེ་ ཧེ་མ་ཚར་ཅིག་ ཁག་འབག་གིས་ བསལ་ཡོད་རུང་ བར་སྐབས་ཅིག་ལས་ སྟབས་མ་བདེཝ་ཐོན་མི་ལུ་བརྟེན་ ལཱ་དེ་ ལམ་སེལ་ལས་ཁུངས་ཀྱིས་ ལེན་ཡོདཔ་ད་ ད་ལྟོ་ཚུན་ ལམ་སེལ་ལས་ཁུངས་ཀྱིས་ ལོ་ཕྱེད་དང་༢ དེ་ཅིག་གི་རིང་ ཀི་ལོ་མི་ཊར་༣༠ ལྷགཔ་ཅིག་ བསལ་ཚར་ཡོདཔ་ལས་ ད་ལས་ཕར་ སི་ལམ་སྦིས་རྒེད་འོག་ལྟེ་བའི་ནང་ ལྷོད་ནི་ལུ་ ད་རུང་ ཀི་ལོ་མི་ཊར་༡༦ ལྷགཔ་ཅིག་ བསལ་དགོཔ་ཡོད་ཟེར་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་འོག་མ་ སངས་རྒྱས་བསྟན་འཛིན་གྱིས་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ས་གནས་དྭགས་ས་ལུ་ བྱག་རིང་ཚད་མི་ཊར་༥༠༠ ལྷགཔ་ཅིག་ཡོད་མི་ལུ་བརྟེན་ ས་ཁོངས་དེ་ནང་ འཁོར་ལམ་བཏོན་ནི་ལུ་ ཟླཝ་༢ དེ་ཅིག་ འགོར་སོ་ཡི་ཟེར་ཨིན་པས།
ཨིན་རུང་ ལམ་སེལ་ལས་ཁུངས་ཀྱི་ཁ་ཐུག་ལས་ མཐའ་ཟུར་མི་སེར་ཚུ་གི་ དཀའ་སྡུག་ལུ་ལྟ་སྟེ་ འཁོར་ལམ་དེ་ ག་དེ་མགྱོགས་མགྱོགས་ བསལ་ནི་ལུ་ རྩ་འགེངས་ནི་ཨིནམ་ད་ ལཱ་དེ་ མཇུག་བསྡུ་ནི་ལུ་ ད་རུང་ ལོ་༡ ལྷགཔ་ཅིག་ འགོར་འོང་ཟེར་ཨིན་པས།
མོང་སྒར་རྫོང་བདག་ ཤེས་རབ་བསྟན་འཛིན་གྱིས་ སླབ་མིའི་ནང་ འཁོར་ལམ་དེ་གིས་ ཁེངས་ཀྱི་མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་ཟེར་ཨིནམ་ད་ དེ་ཡང་ གོང་འཕེལ་གྱི་ལས་སྣ་ཚུ་ ག་ཅི་ར་འབད་དགོ་རུང་ འཁོར་ལམ་ཅིག་མེད་པ་ཅིན་ སྟབས་མ་བདེཝ་ སྦོམ་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ད་ལྟོ་ཚུན་ ས་གནས་ཀྱི་མི་སེར་ཚུ་ དབུལ་ཕོངས་ཀྱི་དཀའ་ངལ་ནང་ སྡོད་དགོཔ་ཐོན་མི་དེ་ཡང་ འཁོར་ལམ་གྱི་ ཞབས་ཏོག་ མེད་མི་ལུ་བརྟེན་ཨིནམ་ད་ ད་ལས་ཕར་ དབུལ་ཕོངས་ཀྱི་ དཀའ་ངལ་བསལ་ཚུགས་ནི་ཨིནམ་མ་ཚད་ སོ་ནམ་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནི་དང་ གོང་འཕེལ་གྱི་ལཱ་ ག་ཅི་བཟུམ་འབད་དགོ་རུང་ དཀའ་ངལ་མེད་པར་ འབད་ཚུགས་ཟེར་ཨིན་པས།
ད་རེས་ནངས་པ་ འཁོར་ལམ་དེ་ དྭགས་ས་གཡུས་ཚན་ནང་ཚུན་ ལྷོད་ཡོད་ནི་དེ་གིས་ མི་སེར་མང་ཤོས་ཅིག་གིས་ གླ་འཁོར་ཚུ་འཚོལ་ཏེ་ འགྲུལ་བསྐྱོད་འབད་དོ་ཡོདཔ་མ་ཚད་ རྒེད་འོག་གི་ མི་སེར་ཚུ་གི་དོན་ལུ་ ཚོང་ཁང་ཆུང་ཀུ་ཅིག་ཡང་ བཙུགས་ཏེ་ཡོདཔ་ལས་ མི་སེར་ཚུ་གིས་ ཉེ་བར་མཁོ་བའི་བཟའ་ཆས་ཚུ་ ཚོང་ཁང་དེ་ནང་ལས་ ཉོ་དོ་ཡོདཔ་ཨིན་པའི་གནས་ཚུལ།

སི་ལམ་སྦིས་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment