གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རི་ཕག་ཚུ་གིས་ གནོདཔ་བཀལ་མི་ལུ་བརྟེན་ ཀེ་བའི་ཞིང་ཚུ་ སྟོངམ་ལུས་དོ་ཡོདཔ།

༡༠/༤/༢༠༡༣   ༉ དུས་ཅི་ ཧཱ་རྫོང་ཁག་ནང་ རིག་ཕག་ཚུ་གིས་ ཀེ་བ་ཚུ་ག་ར་སློང་སྟེ་ བཟའ་ཚར་དོ་ཡོདཔ་བཞིན་དུ་ ལོག་ཀེ་བ་བཙུགས་ནིའི་དོན་ལུ་ མི་སེར་ཚུ་ལུ་ ཀེ་བའི་སོན་མེད་ནི་དེ་གིས་ ཞིང་ཚུ་སྟོངམ་སྦེ་ ལུས་ཡོདཔ་ཨིན་པས།
ཀེ་བ་གི་ཞིང་ནང་མེ་འཕུ་ནིའི་དོན་ལུ་ ཤིང་བསྐྱལ་བར་འོང་མི་ཨམ་སྒྲོལ་མ།


དེ་ཡང་ ད་རེས་ཁམས་ མི་སེར་སོ་ནམ་པ་ཚུ་གིས་ ཀེ་བ་ཚུ་ འཛུགས་སྐྱོང་འབད་དེ་ དུས་ཡུན་བདུན་ཕྲག་ཅིག་ཡང་ མ་ལངམ་ལས་ རིག་ཕག་ཚུ་གིས་ སློང་བཟའ་དོ་ཡོདཔ་ལས་ མི་སེར་ཚུ་གིས་ གཡུས་མི་གཞན་ཚུ་ལས་ ཀེ་བའི་སོན་བསྐྱི་སྟེ་ ཚར་༤ དེ་ཅིག་ ལོག་འཛུགས་སྐྱོང་འབད་ཡོདཔ་ཨིན་རུང་ དེ་ཚུ་ཡང་ རི་ཕག་ཚུ་ལས་ སྲུང་མ་ཚུགསཔ་ཨིན་པས།
དངུལ་ཐོག་ཀེ་བ་དེ་ རང་ཟླ་༢ པའི་ནང་ འཛུགས་སྐྱོང་འབད་ཞིནམ་ལས་ རང་ཟླ་༥ པའི་ནང་ བསྡུ་དོ་ཡོདཔ་ཨིན་པས།
དཀར་འཚོ་རྒེད་འོག་ལས་ འཆི་མེད་དབང་མོ་གིས་ ཀུན་གསལ་ལུ་ བཤད་མི་དང་འཁྲིལཝ་ད་ མོ་གིས་ ཀེ་བ་ཚུ་བཙུགས་ཏེ་ ཉིན་གྲངས་༢ ཀྱི་ནང་འཁོད་ལུ་ར་ རི་ཕག་ཚུ་གིས་ བཏོན་བཟའ་ཚར་ཡི་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ ཁྱིམ་ཚང་ཚུ་ལས་ ཀེ་བ་སོན་འཚོལ་ཏེ་ ཚར་༤ ལོག་བཙུགས་ཡོད་རུང་ ཕགཔ་ཚུ་ལས་ སྲུང་མ་ཚུགས་ཟེར་ཨིན་པས།
མོ་གི་ ཀེ་བའི་ཞིང་ནང་ ཀེ་བ་སོན་ཀེ་ཇི་༡༠༠ རེ་འབད་མི་ དོས་༡༢ བཙུགས་དགོ་དོ་ཡོདཔ་ད་ ན་ཧིང་གི་ ཀེ་བའི་ཐོན་སྐྱེད་ལས་ སོན་ལངམ་ཅིག་ལས་བརྒལ་མ་བཞག་པར་ གཞན་རྣམས་བཙོང་ཚར་ཡི་ཟེར་ཨིན་པས།
མ་གཞི་ མོ་གི་ཁྱིམ་ནང་ལས་ ཨ་རྟག་ར་ ཕོ་སྐྱེས་༡ ཞིང་ཁར་ ཀེ་བ་སྲུང་པར་འགྱོ་མི་དེ་གིས་ དྲོ་པའི་ཆུ་ཚོད་༢ དེ་ཅིག་ཚུན་ ཞག་མ་ཉལ་བར་ སྡོད་དོ་ཡོདཔ་ཨིན་རུང་ གླགས་ཁེལ་མི་ཚུགས་དོ་ཡོདཔ་ད་ ཡུདཔ་ཐེངས་ཅིག་ཉལ་ཏེ་ དྲོ་པ་ ལོག་ལོང་བལྟ་བའི་བསྒང་ལས་ ཞིང་ག་ར་ ཕག་ཚུ་གིས་སློངས་ཚར་ཡོདཔ་ མཐོངམ་མས་ཟེར་ཨིན་པས།
འཆི་མེད་དབང་མོ་བཟུམ་སྦེ་ མི་སེར་སོ་ནམ་པ་གཞན་ ལེ་ཤ་ཅིག་གི་ ཀེ་བའི་ཞིང་ཚུ་ རི་ཕག་ཚུ་གིས་ གནོདཔ་སྦོམ་སྦེ་ར་ རྐྱབ་སྟེ་ཡོདཔ་ཨིན་རུང་ ཨིང་གོ་གཡུས་ཚན་ནང་འབད་བ་ཅིན་ གནོད་པ་ཚུ་ རྒྱ་ཆེ་དྲགས་སྦེ་ མ་བྱུངམ་ཨིན་པས།
ཨིང་གོའི་ཚོགས་པ་ ཕུར་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ན་ཧིང་ སོ་ནམ་ལས་ཁུངས་ཀྱིས་ གློག་ཐག་གི་རཝ་རྐྱབ་མི་དེ་ མི་སེར་ཚུ་གིས་ འཛིན་སྐྱོང་ལེགས་ཤོམ་སྦེ་འཐབ་སྟེ་ ལག་ལེན་འཐབ་མི་ལུ་བརྟེན་ ཕན་ཐོགས་སྦོམ་ར་ བྱུང་ཡོདཔ་མ་ཚད་ དུས་ཅི་ཡང་ གློག་ཐག་གི་རཝ་དེ་ལུ་བརྟེན་ རི་ཕག་གི་གནོད་པ་ཚུ་ བཀག་ཚུགས་ཏེ་ ཡོད་ཟེར་ཨིན་པས།
ཨིང་གོ་གཡུས་ཚན་ནང་ དུས་ཅི་ ཀེ་བ་མ་བཙུགས་པའི་ བདུན་ཕྲག་༢ དེ་ཅིག་གི་ཧེ་མར་ ཚོགས་པ་ཁོ་ར་གིས་ འགོ་འདྲེན་ཐོག་ལས་ གཡུས་མི་ཚུ་གིས་ གློག་ཐག་རཝ་གི་ ཉེ་འདབས་ལས་ཕར་སྐྱེས་མི་རྩྭ་ཚུ་ བརྔ་ཡོདཔ་མ་ཚད་ ཀཝ་ཚུ་ཡང་ ལེགས་བཅོས་བཟོ་ཡོདཔ་ལས་ ད་ལྟོ་ གློག་ཐག་རཝ་གི་གནས་སྟངས་ ལེགས་ཤོམ་སྦེ་ཡོད་ཟེར་ཨིན་པས།
སྦྱིས་རྒཔོ་ ཨྱོན་གྱིས་སླབ་མིའི་ནང་ ཁོ་གི་རྒེད་འོག་གི་ གཡུས་མི་ཚུ་ལུ་ རི་ཕག་ཚུ་གིས་ གནོདཔ་བཀལ་མི་ལུ་བརྟེན་པའི་ དཀའ་ངལ་སྦོམ་བྱུང་སྟེ་ཡོད་ཟེར་ཨིནམ་ད་ དེ་བཟུམ་སྦེ་ ལོ་ཐོག་ཚུ་ འཛུགས་སྐྱོང་འབད་བའི་ དུས་ཚོད་ཚུ་དང་འཁྲིལ་ རི་དྭགས་སེམས་ཅན་གཞན་ ཀ་ཤ་དང་ དོམ་ཚུ་གིས་ཡང་ དཀར་དང་ ནག་ དེ་ལས་ དངུལ་ཐོག་ཨེ་པཱལ་ཚུ་ལུ་ གནོད་སྐྱོན་རྐྱབ་ནི་ཡོད་ཟེར་ཨིན་པས།
དཀར་འཚོ་རྒེད་འོག་ ཝང་ཙ་གཡུས་ཚན་ལས་ སྐྱེས་ལོ་༣༥ ལང་མི་ ཀརྨ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རི་ཕག་ཚུ་གིས་ ས་ཐག་རིང་སར་ཡོད་མི་ ཀེ་བའི་ཞིང་ཚུ་རྐྱངམ་གཅིག་མེན་པར་ ཁྱིམ་གྱི་ཉེ་འདབས་ལས་ཕར་ཡོད་པའི་ ཚོད་ཞིང་ཚུ་ནང་ཡང་ གནོདཔ་བཀལ་མི་ལུ་ལྟཝ་ད་ མི་ལུ་ཡང་ གནོདཔ་བཀལ་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
གཡུས་མི་ཚུ་གིས་ རང་སོའི་ཀེ་བ་ཞིང་ཚུ་ སྲུང་ནིའི་དོན་ལུ་ ནུབ་མོ་ཨ་རྟག་ར་ ལྕགས་ཊིན་ཚུ་བརྡུངས་ཐོག་ལས་ སྲུང་དོ་ཡོདཔ་ཨིན་རུང་ ནུབ་མོ་གཉིད་ཐལ་བའི་བསྒང་ལས་ ཕགཔ་ཚུ་གིས་ ཞིང་ག་ར་ སློང་བཏངམ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ མི་སེར་ལ་ལུ་ཅིག་གིས་ ཤིང་སྐམ་ཚུ་འབག་འོང་སྟེ་ རང་སོའི་ཞིང་གི་མཐའ་མར་ མེ་འཕུ་བཞག་དོ་ཡོདཔ་ཨིན་རུང་ ཕན་ཐབས་མི་བྱུང་དོ་ཡོདཔ་ཨིན་པས།
ཧཱ་དེ་ ས་ཁ་མཐོ་སའི་ རྫོང་ཁག་ཅིག་འབདཝ་ལས་ མི་སེར་ཚུ་ དངུལ་ཐོག་ཀེ་བ་དང་ ཨེ་པཱལ་ལུ་ བསྟེན་སྡོད་དོ་ཡོདཔ་ཨིན་པས།
ཀརྨ་གིས་འབད་བ་ཅིན་ དངུལ་ཐོག་ཀེ་བ་དེ་ བསྡུ་ཞིནམ་ལས་ ཕུན་ཚོགས་གླིང་ལུ་བཙོང་སྟེ་ ལོ་གཅིག་གི་ བཟའ་འཐུང་ཚུ་ དེ་ལས་བརྟེན་ཏེ་ ཉོ་བཟའ་དོ་ཡོདཔ་ཨིན་རུང་ རི་ཕག་ཚུ་གིས་ དེ་བཟུམ་སྦེ་ར་ གནོད་སྐྱོན་རྐྱབ་པ་ཅིན་ རང་གི་ བཟའ་འཐུང་ཉོ་ནིའི་ ཏི་རུ་མ་ལང་པའི་ དཀའ་ངལ་འཐོན་ནི་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་གྱིས་ སླབ་མི་དང་འཁྲིལཝ་ད་ གློག་ཐག་རཝ་དེ་ མོ་བཏབ་ཀྱི་དོན་ལུ་ གཞི་བཙུགས་འབད་དེ་ཡོདཔ་ཨིན་རུང་ དེ་གིས་ ཕན་ཐོགས་སྦོམ་འབྱུང་པ་ཅིན་ འཆར་གཞི་དང་འཁྲིལ་ཏེ་ གཞན་མི་ ས་གནས་ཚུ་ནང་ལུ་ཡང་ བཙུགས་འོང་ཟེར་ཨིན་པས།
དེ་འབདཝ་ད་ གློག་ཐག་རཝ་དེ་ ལཱ་ལེགས་ཤོམ་སྦེ་ འབད་ནིའི་དོན་ལུ་ མི་སེར་ཚུ་ མཉམ་འབྲེལ་གྱི་ཐོག་ལས་ རྒྱུན་སྐྱོང་ལེགས་ཤོམ་འཐབ་དགོཔ་དེ་ ཁག་ཆེ་ཟེར་ སོ་ནམ་འགོ་དཔོན་ ཨེམ་ཨེལ་ བཱ་ཊ་རའི་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment