གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱིར་བཏང་གྲོས་གནས་ཀྱིས་ འདེམས་ངོ་ཚུ་གི་སྐོར་ལས་ ཤེས་ནི་ལུ་ཕན་ཐོགས།

༡༠/༤/༢༠༡༣   ༉ བསམ་རྩེ་གསང་སྔགས་ཆོས་གླིང་དང་ རྣམ་རྒྱལ་ཆོས་གླིང་རྒེད་འོག་ནང་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་མེད་རུང་ རྒེད་འོག་དེ་གཉིས་ཀྱི་ མི་སེར་ཚུ་གིས་འབད་བ་ཅིན་ སྤྱི་ཟླ་༤ ཕའི་ཚེས་༨ ལུ་ སྤྱིར་བཏང་གྲོས་གནས་ འགོ་འདྲེན་འཐབ་མི་དེ་གིས་ འདེམས་ངོ་ཚུ་ ངོ་ཤེས་ནི་ལུ་ ཕན་ཐབས་བྱུང་ཡི་ཟེར་ཨིན་པས།
རྒྱབ་སྐྱོར་པ་ཚུ་གིས་ སྤྱིར་བཏང་གྲོས་གནས་ནང་འོང་མི་ མི་སེར་ཚུ་ལུ་ འདེམས་ངོ་ཚུ་གི་ ངོ་བྱང་བགོ་བཀྲམ་འབད་བའི་བསྒང་།


ད་ཚུན་གྱི་བར་ན་ ང་བཅས་ཀྱིས་ འདེམས་ངོ་ཚུ་གི་ མིང་གོཝ་མ་གཏོགས་ ངོ་མ་སྦེ་ མཐོང་མཐོངམ་མེད་ཟེར་ མི་སེར་ཅིག་གིས་ སླབ་ཨིན་པས།
རྒེད་འོག་རེ་ལས་ གྲོང་གསེབ་མི་སེར་༤༠༠ དེ་ཅིག་གིས་ སྤྱིར་བཏང་གྲོས་གནས་བསྐུལ་བསྒྲགས་ནང་ བཅའ་མར་གཏོགས་པར་ འོང་ཡོདཔ་ཨིན་པས།
གསང་སྔགས་ཆོས་གླིང་རྒེད་འོག་ནང་འབད་བ་ཅིན་ གྲོས་གནས་ལས་རིམ་དེ་ རྒེད་འོག་ཚོགས་འདུའི་ ཞལ་འཛོམས་ཁང་ནང་ འགོ་འདྲེན་འཐབ་ཡོད་རུང་ མི་སེར་མང་ཧད་རྫོགསཔ་ཅིག་ སྤུངས་འཛོམས་འབད་མི་ལུ་བརྟེན་ ནང་ན་མ་ཤོང་པར་ སྤང་ནང་ སྤོ་དགོཔ་ བྱུང་ཡོདཔ་ཨིན་པས།
གྲོང་གསེབ་མི་སེར་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ གལ་ཆེཝ་ཨིནམ་ ཧ་གོ་མི་ལུ་བརྟེན་ འཛོམས་འདུ་ནང་ བཅའ་མར་གཏོགས་པར་ འོང་ཡི་ཟེར་ཨིནམ་ད་ དེ་གི་དོན་ལུ་ འདེམས་ངོ་ཚུ་ ག་དང་ག་ཨིན་ན་དང་ ཁོང་གི་ཁ་ཐུག་ལས་ མི་སེར་ལུ་ཕན་པའི་ ཁས་ལེན་ཚུ་ ག་ཅི་ར་ཡོདཔ་ཨིན་ན་ ཤེས་ནི་དེ་ གལ་ཆེ་བས་མནོ་སྟེ་ འོང་ཡི་ཟེར་ སླབ་ཨིན་པས།
བསམ་རྩེ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་ཡང་ རྡོ་ཕུག་ཅན་ལས་ ཅ་ཏ་ར་པ་ཊི་ ཕུ་ཡེལ་དང་ བསམ་རྩེ་རྒེད་འོག་ལས་ ག་ནེཤ་ གི་མི་རེ་ གཏན་འབྲུ་ལས་ སངས་རྒྱས་མཁའ་འགྲོ་ པདྨ་གླིང་ལས་ དཱན་ཀུ་མར་ ག་ལེ་ འོད་གསལ་རྩེ་ལས་ ན་ར་ཡཱན་ ད་ཧཱལ་ བསམ་རྩེ་ཁྲོམ་སྡེ་ལས་ ཁྱུང་བདུད་ཚེ་རིང་ གདན་ཅུ་ཁ་ལས་ ཁ་ར་ནཱན་ད་ ད་ཀཱལ་ཚུ་ཨིན་པས།
ང་བཅས་ཀྱིས་ ཁོང་གི་གདོང་བལྟ་ཐོག་ལས་ ཚོགས་རྒྱན་བཙུགས་ནི་རྐྱངམ་གཅིག་མིན་པར་ ང་བཅས་ལུ་ ཕན་ཐོགས་འབྱུང་ནི་ཨིན་མི་ འདེམས་ངོ་ཅིག་ གདམ་འཐུ་འབད་འོང་ཟེར་ གྲོང་མི་ཅིག་གིས་ སླབ་ཨིན་པས།
རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་གིས་འབད་བ་ཅིན་ སྤྱིར་བཏང་གྲོས་གནས་ནང་ མི་སེར་མང་རབས་ཅིག་ འོང་མི་ལུ་ལྟ་སྟེ་ ཧ་ལས་ཅི་ཟེར་ཨིན་པས།
བསམ་རྩེའི་འདེམས་ངོ་༧ གྱིས་ མི་མང་ལུ་ གསལ་བཤད་འབད་བའི་ཤུལ་ལུ་ གྲོང་གསེབ་མི་སེར་ མང་ཤོས་ཅིག་གིས་ ཁོང་གི་འདེམས་ངོ་ཚུ་ ག་དང་ག་ར་ཨིན་ན་ ལེགས་ཤོམ་སྦེ་ ཤེས་ཚུགས་ཅི་ཟེར་ སླབ་ཨིན་པས།
ཨིན་རུང་ མི་སེར་ཚུ་གིས་ འདེམས་ངོ་དག་པ་ཅིག་གི་གྲས་ལས་ དཔེར་ན་ སྤྱི་ལོ་༢༠༠༨ ལུ་ སྲིད་དོན་ཚོགས་པ་ཅིག་གི་དོན་ལུ་ མཉམ་འབྲེལ་པ་སྦེ་ ལཱ་འབད་མི་ སངས་རྒྱས་མཁའ་འགྲོ་དེ་ ངོ་ཤེས་དོ་ཡོདཔ་ད་ དེ་བསྒང་  ཅ་ཏ་ར་པ་ཊི་ ཕུ་ཡེལ་གྱིས་ ཚོགས་སྡེའི་བཙག་འཐུ་ནང་ དོ་འགྲན་འབད་ཡོད་རུང་ ཕམ་སོཔ་ཨིན་པས།
རྣམ་རྒྱལ་ཆོས་གླིང་རྒེད་འོག་ནང་ གྲོང་གཡུས་མི་སེར་ལ་ལུ་ཅིག་ ཉིན་ལམ་ཅིག་གི་ས་ཁ་ལས་ རྐང་སྟོང་སྦེ་འོང་སྟེ་ སྤྱིར་བཏང་གྲོས་གནས་འཛོམས་འདུ་ནང་ བཅའ་མར་གཏོགས་ཡོདཔ་ད་ དེ་ཡང་ ཐག་རིང་གི་ས་གནས་ རྒྱལ་པོ་ཞིང་གཡུས་ཚན་ལས་འོང་མི་ གྲོང་མི་ཀར་ན་བིར་ ལིམ་བུ་གིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ གཡུས་ཁ་ལུ་ལོག་འགྱོཝ་ད་ འདེམས་ངོ་ཚུ་གི་ ངོ་བྱང་འབག་འགྱོ་ཞིནམ་ལས་ སྤྱིར་བཏང་གྲོས་གནས་ནང་ འོང་མ་ཚུགས་མི་ཚུ་ལུ་ གསལ་སྟོན་འབད་ནི་ཟེར་ཨིན་པས།
འདེམས་ངོ་ཚུ་གིས་ ང་བཅས་ལུ་ གསལ་བཤད་འབད་མི་ཚུ་ གཡུས་ཁའི་མི་སེར་གཞན་ཚུ་ལུ་ བརྡ་སྤྲོད་འབད་འོང་ཟེར་ ཁོ་གིས་ སླབ་ཨིན་པས།
ཨིན་རུང་ རྒེད་འོག་གཉིས་ཆ་རའི་ གྲོང་གསེབ་མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ ཁོང་གིས་ འདེམས་ངོ་ཚུ་ ངོས་འཛིན་འབད་ཚུགསཔ་ཨིན་རུང་ གསལ་བཤད་ཚུ་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁའི་ཐོག་འབད་ནི་དེ་གིས་ ག་ཅི་སླབ་ཨིན་ན་ ག་ཅི་ཡང་ ཧ་མ་གོ་ཟེརཨིན་པས།
མི་སེར་ལེ་ཤ་ཅིག་གིས་འབད་བ་ཅིན་ གསལ་བཤད་ཚུ་ ལྷོ་མཚམས་པའི་ ཁ་སྐད་ནང་ འབད་ཡོད་པ་ཅིན་ ཧ་གོ་ཚུགས་ཚུགསཔ་འོང་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment