གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་ས་ལུ་ ཞབས་དྲུང་རིན་པོ་ཆེ་གིས་བཏོན་གནང་མི་ ས་འོག་མི་ལམ་༢ འཚོལ་ཐོབ་ཡོདཔ།

༣/༤/༢༠༡༣   ༉ མགར་ས་རྫོང་ཁག་བདག་སྐྱོང་གིས་ ལོ་ངོ་༣༠༠ ལྷགཔ་ཅིག་ལང་མི་ ས་འོག་མི་ལམ་༢ འཚོལ་ཐོབ་ས་ལས་ རག་རོག་ཚུ་ ཆ་མཉམ་ར་ བཏོན་བཏང་སྟེ་ ཧིང་སངས་ས་བཟོ་ཡོདཔ་ད་ མི་ལམ་༢ པམ་དེ་ ས་དང་ རྡོ་ ཤིང་གི་འདབ་མ་ཚུ་གིས་གང་སྟེ་ ཤུལ་ར་མེདཔ་ཐལ་ཡོདཔ་ཨིན་པས།
ས་འོག་མི་ལམ།


མི་ལམ་༢ པམ་དེ་ མགར་ས་རྫོང་གི་མཇུག་ལུ་ མི་ཊར་༡༠ དེ་ཅིག་གི་ ས་ཁར་ཡོདཔ་ད་ རྫོང་ཁག་བདག་སྐྱོང་གིས་ སླབ་མིའི་ནང་
ས་འོག་མི་ལམ་༢ པམ་དེ་ སྤྱི་ལོ་༡༦༡༦ དེ་ཅིག་ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ བཏོན་གནང་གནངམ་འོང་ནི་མས་ཟེར་ཨིནམ་ད་ ཨིན་རུང་ དེའི་སྐོར་ལས་ ཡིག་ཆ་ཚུ་མེདཔ་ལས་ ཁ་གསལ་སྦེ་ ཤེས་མི་མེདཔ་ཨིན་པས།
རྩིགཔ་གིས་བཟོ་མི་ མི་ལམ་༢ ཀྱི་སྒོ་དེ་ རྫོང་གི་མཇུག་ལུ་ཡོད་མི་ གྱང་འཁོགས་ཅིག་ལས་ འགོ་བཙུགས་མི་དེ་གིས་ ཁ་མར་བལྟ་སྟེ་ རིང་ཚད་མི་ཊར་༡༥༠ དེ་ཅིག་ ལྷོད་པའི་མཇུག་དེ་ རོང་ཆུ་ཅིག་གི་ལྟག་ལུ་ཚུན་ ཡོདཔ་ཨིན་པས།
རྫོང་བདག་བསོད་ནམས་འཇིགས་མེད་ཀྱིས་ སླབ་མིའི་ནང་ གྱང་འཁོགས་ལས་ འགོ་བཙུགས་མི་ ས་འོག་མི་ལམ་དེ་ རོང་ཆུ་ཚུན་ ཡོད་མི་ལུ་བལྟ་བ་ཅིན་ མི་ལམ་དེ་ རྫོང་ནང་ ཆུ་དབོག་སའི་ལམ་ འོང་ནི་མས་ཟེར་ཨིནམ་ད་ དེ་ཡང་ ཆུ་དབོག་སྟེ་ ཆུ་མཛོད་ཁང་ནང་བཞག་མི་དེ་ གྱང་འཁོགས་ལུ་ གྱུར་སོཔ་འོང་ནི་མས་ཟེར་ཨིན་པས།
རོང་ཆུ་ལས་ དབོག་མི་ཆུ་དེ་ རྫོང་ནང་གི་ ཆུ་རྐ་མ་ཆད་པའི་སྐབས་ ལག་ལེན་འཐབ་འཐབ་འོང་ནི་མས་ཟེར་ཨིནམ་ད་ མི་ལམ་༢ པ་ལས་ གཡས་ཁ་ཐུག་གི་དེ་ གྱེད་པ་དུམ་གྲ་ཅིག་ལས་བརྒལ་མེད་རུང་ གཡོན་ཁ་ཐུག་གི་མི་ལམ་དེ་ གཟར་དྲགས་སྦེ་ཡོདཔ་ལས་ འགྱེལ་ཏ་རྐྱབ་ནིའི་ ཉེན་ཁ་ཡང་ཡོདཔ་ཨིན་པས།
མཐོ་ཚད་མི་ཊར་༢ དང་ རྒྱ་ཚད་མི་ཊར་༡ འབད་མི་མི་ལམ་ བསལ་ནིའི་ལཱ་དེ་ སྤྱི་ལོ་༢༠༡༡ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༢ ལུ་ མཇུག་བསྡུ་ཡོདཔ་ད་ ད་རེས་ མི་ལམ་དེ་ རྫོང་ཁག་བདག་སྐྱོང་གིས་ ལེགས་ཤོམ་སྦེ་ ཉམས་སྲུང་འབད་དེ་ཡོདཔ་ཨིན་པས།
ཉམས་སྲུང་ལྟ་རྟོག་འབད་མི་ བཟོ་རིག་འགོ་དཔོན་འོགམ་ ཀུན་དགའ་ཚེ་རིང་གིས་ སླབ་མིའི་ནང་ རག་རོག་བཏོན་ནིའི་ལཱ་དེ་ འཕྲུལ་ཆས་ལག་ལེན་མ་འཐབ་པར་ གཡུས་མི་ཚུ་ལུ་ འབད་བཅུག་མི་དེ་ཡང་ སྔར་གྱི་བཟོ་བཀོད་ཚུ་ལུ་ ཉམས་སྐྱོན་འབྱུང་མི་བཅུག་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
གཡུས་མི་ཚུ་གིས་འབད་རུང་ ས་འོག་གི་མི་ལམ་དེ་ ཆུ་བསྐྱལ་སའི་ལམ་འོང་ནི་མས་ཟེར་ཨིནམ་ད་ དེ་ཡང་ རོང་ཆུའི་མཐའ་མར་ ཞབས་དྲུང་གི་སྐབས་ལས་ཡོད་མི་ ཆུ་རག་ཅིག་ཡོད་མི་དེ་ བྱིན་ཅན་ཅིག་སྦེ་ བརྩི་དོ་ཡོདཔ་ད་ ས་གནས་ཀྱི་མི་ཚུ་གིས་ ད་ལྟོའི་བར་ན་ཡང་ ཆུ་རག་དེ་ནང་ ཕྱེ་འཐག་ནི་ཡོདཔ་མ་ཚད་ དེའི་འོག་ལུ་ ཞབས་དྲུང་གི་ བཞུགས་ཁྲི་ཨིན་ཟེར་ རྡོ་སྦོམ་ཅིག་ཡང་ མཇལ་ནི་ཡོདཔ་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ ད་རུང་ མི་ལམ་༣ པ་དེ་ ངོས་འཛིན་འབད་ནིའི་ དཔའ་བཅམ་དོ་ཡོདཔ་ད་ དེའི་དོན་ལུ་ ད་ལྟོ་ ཤུལ་ཚུ་འཚོལ་བའི་བསྒང་ཡོད་ཟེར་ རྫོང་བདག་གིས་ སླབ་ཡོདཔ་ད་ དེ་ཡང་ རྒན་རྒས་ཚུ་གིས་འབད་བ་ཅིན་ མི་ལམ་༣ པ་དེ་ཡང་ ད་ལྟོ་འཚོལ་ཐོབ་མི་ མི་ལམ་༢ པའི་ སྦོ་ལོགས་ཁར་ཡོདཔ་སྦེ་ སླབ་ནི་འདུག་ཟེར་ཨིན་པས།
མི་ལམ་༣ པ་ འཚོལ་ཞིབ་འབད་ནིའི་ལཱ་དེ་ འཆར་གཞི་༡༡ ནང་ལས་ འགོ་བཙུགས་ནི་ཨིནམ་ད་ རྫོང་བདག་གིས་འབད་བ་ཅིན་ དེ་བཟུམ་མའི་ སྲོལ་རྟེན་ཚུ་ རྒྱལ་ཁབ་ཀྱི་རྒྱུ་དངོས་དང་ ངོ་རྟགས་ཅིག་ཨིནམ་ལས་ ག་དེ་དྲག་དྲག་ ཉམས་སྲུང་འབད་དགོ་ཟེར་ཨིན་པས།
མི་ལམ་དེ་ གཡུས་ཁའི་རྒན་རྒས་ཚུ་གིས་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ འཚོལ་ཐོབ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ཉེ་འདབས་ཀྱི་མི་ཚུ་གིས་ མི་ལམ་གི་རྩིགཔ་ཚུ་ལས་ རྡོ་བཏོན་ཏེ་ ཁྱིམ་རྐྱབ་པའི་ ལོ་རྒྱུས་ཡོད་རུང་ ད་རེས་ ག་ར་གིས་ཉམས་སྲུང་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment