གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༣/༤/༢༠༡༣   མི་སེར་གྱི་ཞབས་ཏོག་ དུས་ཚོད་ལུ་ ཐོབ་མ་ཚུགས་པའི་དཀའ་ངལ།
༉ འབྲུག་གཞུང་གི་ ཆེ་རིམ་སྡེ་ཚན་ནང་བཞུགས་མི་དང་ འབྲེལ་ཡོད་ལྷན་ཁག་དང་ ལས་ཁུངས་ཁག་གི་འགོ་དཔོན་ དྲགོས་རྫོང་བདག་ དེ་ལས་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ རྒྱང་མཐོང་དང་ གསར་ཤོག་ལ་སོགས་པའི་ བརྡ་བརྒྱུད་ཚུ་ནང་ གསལ་བཤད་འབད་མི་དང་ མི་མང་འཛོམས་འདུ་འབད་སར་ གསུངས་མི་ལུ་ལྟཝ་ད་ མི་སེར་ཚུ་ལུ་ ཉེ་བར་མཁོ་བའི་ཞབས་ཏོག་ཚུ་ ཧེ་མ་ དུས་ཡུན་ལོ་སྦེ་ལུས་མི་དེ་ ད་རེས་ ཆུ་ཚོད་༡ དང་༢ ཀྱི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་ཟེར་མི་དེ་ལུ་ ང་བཅས་མི་སེར་ཚུ་ཡང་ ཨིན་རང་ཨིནམ་འདྲ་བས་ཟེར་ བདེན་འཛིན་རེ་སྡོད་མི་དེ་ ད་རེས་འབདཝ་ད་ ཕྱི་འགྱུར་མ་འགྱོ་བས་ག་ཟེར་བའི་ མནོ་བསམ་བཏང་དགོཔ་བྱུངམ་མས་ཟེར་ཞུ་ནི།



དེ་ཡང་ གཞུང་གི་ འཆར་གཞི་ལས་རིམ་དང་འཁྲིལ་ཏེ་ མི་སེར་གྱི་ས་ཆ་ཚུ་ གཞུང་གིས་བཞེསཔ་ད་ དཀའ་ངལ་ག་ཅི་ཡང་མེད་པར་ བཞེས་ཆོག་ཆོ་འདུག་ཟེར་ཞུ་ནི།
ང་བཅས་མི་སེར་ཚུ་གི་དོན་ལུ་ཨིན་པ་ཅིན་ ས་ཚབ་ཞུ་ནིའི་ ལམ་ལུགས་ཡང་ མི་རང་ལས་ གཞུང་གིས་ས་ཆ་བཞེས་དོ་བཟུམ་སྦེ་ དཀའ་ངལ་མེད་པར་ དེ་འཕྲོ་ལས་ ཞུ་ཆོགཔ་ཅིག་ཡོདཔ་འོང་མནོ་བའི་ རེ་བ་བསྐྱེད་ཡི་ཟེར་ཞུ་ནི།
ལཱ་འགོ་རྩམ་པའི་བསྒང་ལས་ར་ མི་རང་གིས་ ས་ཚབ་ཞུ་ནི་དེ་ ས་ཚབ་སྦེ་མེན་པར་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ སའི་སྐྱིད་སྡུག་ཞུ་དོ་བཟུམ་ཅིག་ ཨིན་མས་ཟེར་ཞུ་ནི།
དེ་ཡང་ དང་པ་གཡུས་སྒོའི་ཚོགས་པ་དང་ གཉིས་པ་དམང་ཨཔ་ གསུམ་པ་གཡུས་སྒོའི་ས་འཇལ་ཚོགས་པ་ བཞི་པ་རྒེད་འོག་གི་གཙོ་འཛིན་རྒཔོ་དང་ ཡང་ཅིན་ རྒེད་འོག་བདག་སྐྱོང་འགོ་དཔོན་གྱིས་ བཏུབ་མ་བཏུབ་ཀྱི་ ཞིབ་དཔྱད་ལེགས་ཤོམ་འབད་དེ་ རྫོང་ཁག་བདག་སྐྱོང་ལུ་ ཕུལཝ་མས་ཟེར་ཞུ་ནི།
ཡིག་ཆ་ཚུ་ རྫོང་ཁག་ནང་ལྷོད་པའི་བསྒང་ལས་ རྫོང་བདག་གིས་གཙོས་པའི་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ དཔེ་འབད་བ་ཅིན་ མི་སྡིག་ཅན་ཅིག་ དམྱལ་བའི་ནང་ ཚར་དཔྱད་དོ་བཟུམ་སྦེ་ ཡང་དག་པའི་དྲི་དཔྱད་དང་ དབྱེ་ཞིབ་ཚུ་འབད་དེ་ ཁོང་གིས་ ཡིག་ཆ་ཚུ་ ག་ལུ་ཕུལ་དགོཔ་ཨིན་ན་ ཁ་བྱང་དང་བཅསཔ་སྦེ་ བྲིས་ཞིནམ་ལས་ འདྲ་ཅིག་རང་ལུ་ཡང་ གནངམ་མས་ཟེར་ཞུ་ནི།
ཡི་གུའི་འདྲ་དེ་ མི་ངོམ་རང་ལུ་ཐོབ་ད་ སེམས་དགའ་དགོཔ་དང་ ཧ་ལས་དགོཔ་ཅིག་ རྩ་ལས་ར་ མ་མཐོང་ཟེར་ཞུ་ནི།
ག་དེ་སྦེ་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་ ཡིག་ཆ་འདི་ རླུང་མ་གིས་ བྱའི་སྤུ་འཐུ་འབག་འགྱོ་དོ་བཟུམ་ ཕུལ་མི་དེ་གིས་ ང་བཅས་ཀྱིས་ ཡིག་ཆ་ཅིག་ ཕུལ་བཏང་ཡོདཔ་ལས་ འབྲེལ་ཡོད་འགོ་དཔོན་ཚུ་གི་ཕྱག་ལུ་ ལྷོདཔ་མ་ལྷོདཔ་ཀྱི་ དྲི་བ་ཞུ་མི་ཡང་ མིན་འདུག་ཟེར་ཞུ་ནི།

འབྲེལ་ཡོད་འགོ་དཔོན་ཚུ་གིས་འབད་རུང་ རྫོང་ཁག་བདག་སྐྱོང་ལས་བསྐྱལ་བཏང་མི་ ཚེས་གྲངས་འདི་ནང་ལུ་ཐོབ་ཅི་ ད་ལས་ཕར་ ས་ཚབ་གནང་ནི་གི་ ཕྱག་ལཱ་ཚུ་ ག་དེ་སྦེ་མཛད་ནི་ཨིན་ནའི་ ཐུགས་འཆར་ཚུ་ གསུངས་ནི་མེད་པར་ ཟླཝ་དང་ལོ་སྦེ་ ལན་གསལ་ག་ནི་ཡང་མེད་པར་ བཞག་པའི་བསྒང་ལས་ ང་བཅས་མི་སེར་ཚུ་ ག་དང་གཅིག་ཁར་ འབྲེལ་བ་འཐབ་ནི་ཨིན་ན་ མ་ཤེས་པར་ མགུ་འཐོམ་སྟེ་ ལཱ་ཆུང་ཀུ་ཅིག་གི་དོན་ལུ་ ཕར་ཚུར་འགྱོ་སྟེ་ དོན་མེད་ཀྱི་ ཟད་འགྲོ་འཕྲོ་བརླག་བཏང་པའི་ གཞི་ཅིག་ཨིན་མས་ཟེར་ཞུ་ནི་ཨིན།
ཀུན་བཟང་། ཐིམ་ཕུ་ མུ་ཏིག་ཐང་(གནས་སྐབས་ཀྱི་སྡོད་གནས་)

No comments:

Post a Comment