གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེ་རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་གིས་ མི་སེར་ལུ་ བསྐུལ་བསྒྲགས་གསལ་བཤད་འབད་དོ་ཡོདཔ།

༡༡/༤/༢༠༡༣   ༉ ལྷུན་རྩེ་ རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ རྫོང་ཁག་གི་ དང་འདོད་ཅན་གྱི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གིས་ མི་མང་དང་གཅིག་ཁར་ བསྐུལ་བསྒྲགས་ལས་རིམ་གྱི་འཛོམས་འདུ་དེ་ རྒེད་འོག་༨ ཡོད་པའི་གྲས་ལས་ སྤྱི་ཟླ་༤ པའི་ཚེས་༩ ལས་ བཀུར་སྟོད་རྒེད་འོག་ལས་འགོ་བཙུགས་ ཚེས་༡༧ ལུ་མཇུག་བསྡུ་ནི་ཨིན་པས།
འདེམས་ངོ་ རིག་འཛིན་རིག་འཛིན་(གཡོན་)དང་ བསྟན་པ་རྡོ་རྗེ་(གཡས)།


དེ་ཡང་ དུང་དཀར་སློབ་གྲྭ་གི་བཟའ་ཁང་ནང་སྦེ་ འཛོམས་འདུ་འགོ་འདྲེན་འཐབ་ཡོདཔ་ལས་ མི་སེར་ཚུ་གི་སེམས་ཁར་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུའི་དྲན་སྣང་བྱུང་དོ་ཡོད་པའི་ཁར་ དུས་ཅི་ཡང་ མི་སེར་ཚུ་གིས་ ཁོང་རའི་འདེམས་ངོ་བལྟ་ནིའི་དོན་ལུ་ བསྒུག་སྡོད་པའི་སྐབས་ ལ་ལུ་ཅིག་གིས་ ཞབས་ཁྲ་ཡང་འཐེན་ཐོག་ལས་ སྤྲོ་བ་སྟོན་ཡོདཔ་ཨིན་པས།
འཛོམས་འདུ་ནང་བཅའ་མར་གཏོགས་མི་ རྒན་ཤོས་མང་རབས་ཅིག་ཡོད་མིའི་གྲས་ལས་ཅིག་ རྒྱ་ཚ་སྦི་གཡུས་ཚན་ལས་ སྐྱེས་ལོ་༨༠ ལང་མི་ ཨང་རྒས་ ཚེ་རིང་མཚོ་མོ་ཨིནམ་ད་ མོ་གིས་ འཛོམས་འདུའི་ནང་བཅའ་མར་གཏོགས་ནིའི་དོན་ལུ་ དྲོ་པ་ཧ་སག་ལོང་སྟེ་ དུས་ཡུན་ཆུ་ཚོད་ཕྱེད་དང་༡ དེ་ཅིག་ རྐང་སྟོང་སྦེ་འགྱོ་བའི་ཁར་ ཞབས་ཁྲ་རྐྱབ་ནི་ལུ་ཚེར་སྣང་མེད་པར་ འཛོམས་འདུ་ནང་འོང་མི་ཚུ་ དབངཔོ་མི་ངལ་ནིའི་དོན་ལུ་ ཞབས་ཁྲ་འཐེན་ཏེ་ དགོད་བྲ་བཅུག་ཡོདཔ་ལས་ དུས་ཅི་གི་བཙག་འཐུ་དེ་ཡང་ ཧེ་མ་བཟུམ་སྦེ་ར་ འགོ་འདྲེན་འཐབ་ཚུགས་པའི་སྨོན་ལམ་ཡོད་ཟེར་ཨིན་པས།
ལྷུན་རྩེ་རྫོང་ཁག་ནང་ དུས་ཅི་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་༢ ཡོདཔ་ད་ མཁོ་མང་རྒེད་འོག་ལས་ ཧེ་མའི་ཚོགས་སྡེ་འཐུས་མི་བགྲེསཔ་ སྐྱེས་ལོ་༤༤ ལང་མི་ རིག་འཛིན་རིག་འཛིན་དང་ རྒྱ་རེད་རྒེད་འོག་ལས་ སྐྱེས་ལོ་༤༥ ལང་མི་ བསྟན་པ་རྡོ་རྗེ་ཨིན་པས།
འཐུས་མི་བགྲེསཔ་ རིག་འཛིན་རིག་འཛིན་གྱིས་ སྤྱི་ལོ་༢༠༠༨ ལུ་ ཁོ་བཙག་འཐུ་གྲུབ་གནང་མི་ལུ་ ལྷུན་རྩེ་རྫོང་ཁག་གི་མི་སེར་ ཆ་མཉམ་ལུ་ བཀྲིན་ལེགས་སོ་ཡོད་ཟེར་སླབ་པའི་ཁར་ ད་ལས་ཕ་ར་འབད་རུང་ ལོ་ལྔའི་ཉམས་མྱོང་ཐོབ་ཞིནམ་ལས་ རྒྱབ་བཤུད་རྐྱབ་སྟེ་སྡོད་ནི་མེན་པར་ གདོང་ཁར་འཐོན་ནི་དེ་ གལ་ཆེ་ཟེར་ཨིན་པས།
ཁོ་ཉམས་མྱོང་ཅན་བཟོ་གནང་མི་དེ་ ལྷུན་རྩེ་རྫོང་ཁག་གི་མི་སེར་ཚུ་ཨིནམ་ལས་ ཉམས་མྱོང་ཐོབ་ཞིནམ་ལས་ མི་སེར་ཚུ་ལུ་ ཕྱག་ཞུ་མ་ཚུགས་པ་ཅིན་ སེམས་ཕམ་འབྱུང་ནི་མས་ཟེར་ཨིན་པས།
མི་སེར་ཚུ་གིས་འབད་རུང་ རྒྱལ་ཡོངས་ལུ་ཕན་ཐོགས་ཚུགས་པའི་ འདེམས་ངོ་དེ་བཙག་འཐུ་འབད་གནང་དགོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ཧེ་མའི་ འབྲུག་གློག་མེ་ཞབས་ཏོག་སྡེ་ཚན་གྱི་ འཛིན་སྐྱོང་འགོ་དཔོན་བགྲེསཔ་ སྐྱེས་ལོ་༤༥ ལང་མི་ བསྟན་པ་རྡོ་རྗེ་གིས་འབད་བ་ཅིན་ གལ་སྲིད་ ཁོ་བཙག་འཐུ་འགྲུབ་པ་ཅིན་ རྒྱལ་ཁབ་དང་མི་སེར་གྱི་མཐའ་དོན་ལུ་ ད་རེས་ཡོད་པའི་གཞུང་གི་ སྲིད་བྱུས་དང་ ཁྲིམས་ལུགས་ཚུ་ བསྐྱར་ཞིབ་འབད་དེ་ ལེགས་བཅོས་དང་གསར་བརྩམ་འབད་ཐོག་ལས་ རྒྱལ་ཁབ་ནང་ཞི་བདེ་འབྱུང་བཅུག་ནི་ཟེར་ཨིན་པས།
བསྟན་པ་རྡོ་རྗེ་གིས་འབད་བ་ཅིན་ ལྷུན་རྩེ་རྫོང་ཁག་ནང་ལས་ གཞུང་དང་ ལས་འཛིན་ སྒེར་སྡེའི་ནང་ལཱ་འབད་མི་ ཉམས་མྱོང་ཅན་དང་ ལྕོགས་གྲུབ་ཅན་གྱི་མཁས་མཆོག་ ལེ་ཤ་ཅིག་གིས་ར་ ཕྱག་ཞུཝ་བཞིན་དུ་ཡོད་རུང་ སྤྱི་ཚོགས་༢ པའི་དོན་ལུ་ འདེམས་ངོ་སྦེ་འཐོན་ནི་མེདཔ་ལས་ ཁོ་གིས་ དོ་འགྲན་འབད་མི་དེ་ ཧེ་མའི་འཐུས་མི་བ་ ཁོ་དྲག་ཟེར་བའི་མནོ་བསམ་མེན་པར་ དམངས་གཙོའི་གཞུང་གི་སྐབས་ལུ་ མི་སེར་ཚུ་ལུ་ གདམ་ཁའི་གོ་སྐབས་བྱིན་དགོཔ་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ འབྲེལ་གཏོགས་འབད་ཡི་ཟེར་ཨིན་པས།
མི་སེར་ཚུ་གིས་འབད་རུང་ ཚོགས་རྒྱན་བཙུགས་པའི་སྐབས་ལུ་ རང་དོན་ལུ་མ་ལྟ་བར་ རྒྱལ་ཁབ་དང་ མི་སེར་ལུ་ ཤ་ཚ་ཅན་གྱི འདེམས་ངོ་དེ་ བཙག་འཐུ་འབད་དགོ་ཟེར་ཨིན་པས།
ལྷུན་རྩེ་རྫོང་ཁག་གི་ མི་སེར་ཚུ་ལུ་འབད་བ་ཅིན་ བསྐུལ་བསྒྲགས་འབད་ནི་དེ་ རྒྱལ་ཡོངས་སྐད་ཡིག་ཐོག་ལུ་ འབད་ནི་དེ་གིས་ མི་སེར་ཚུ་ ཧ་གོ་མ་ཚུགས་པའི་དཀའ་ངལ་མེདཔ་ཨིན་པའི་གནས་ཚུལ།
 
དུང་དཀར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment