གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༡༡/༤/༢༠༡༣   རྩ་ཁྲིམས་ཆེན་མོ་གིས་གནང་མི་ གཞི་རྟེན་ཐོབ་དབང་ལུ་ བརྩི་མཐོང་བསྐྱེད་དགོཔ།
༉ འབྲུག་རྒྱལ་ཁབ་ཀྱི་ རྫོང་ཁག་༢༠ ཆ་མཉམ་གྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གི་ མི་མང་རྩོད་བསྡུར་ལས་རིམ་དང་ སྤྱིར་བཏང་གྲོས་འཛོམས་བསྐུལ་བསྒྲགས་ དེ་ལས་ གཡུས་སྒོ་བཤལ་ཏེ་ བསྐུལ་བསྒྲགས་འབད་དང་འབད་བཞིན་དུ་ འདུག་ཟེར་ཞུ་ནི།



དེ་སྦེ་ བསྐུལ་བསྒྲགས་འབད་མི་དེ་ཡང་ འདེམས་ངོ་ཚུ་ དམངས་གཙོ་ཅན་གྱི་ སྤྱི་ཚོགས་ནང་ མི་སེར་གྱི་ འཐུས་ཚབ་སྦེ་ འཐོན་དགོ་པའི་ གནད་དོན་དང་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ག་དེ་སྦེ་ ཞུ་ནི་ཨིན་ན་ ཁས་བླངས་འབད་ཐབས་ལུ་ ཨིན་མས་ཟེར་ཞུ་ནི།
ཨིན་རུང་ སྤྱིར་བཏང་གྲོས་འཛོམས་ཀྱི་ བསྐུལ་བསྒྲགས་སྐབས་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་ མི་སེར་རྐྱངམ་གཅིག་མ་གཏོགས་ ཞི་གཡོགཔ་དང་ སློབ་ཕྲུག་ཚུ་ བཅའ་མར་གཏོགས་མི་ཆོག་དོ་ཡོད་པའི་ ལོ་རྒྱུས་གོཝ་ད་ འབྲུག་ལུ་ རྒྱལ་བརྒྱུད་རྒྱལ་ཁབ་དབུ་བརྙེས་ཏེ་ ལོ་བརྒྱ་འཁོར་མི་དང་བསྟུན་ མི་དབང་ཡབ་སྲས་རྣམ་གཉིས་ཀྱིས་ གནང་སྦྱིན་སྦེ་ མི་སེར་ཚུ་ལུ་གནང་མི་ དམངས་གཙོའི་རིང་ལུགས་ འགོ་བཙུགསཔ་དང་གཅིག་ཁར་ ཆ་འཇོག་གནང་མི་ འབྲུག་གི་རྩ་ཁྲིམས་ཆེན་མོ་དེ་ རྒྱབ་སྐྱུར་འབདཝ་བཟུམ་སྦེ་ མཐོང་སྣང་བྱུངམ་མས་ཟེར་ཞུ་ནི།
དེ་ཡང་ འབྲུག་གི་ དམངས་གཙོའི་རིང་ལུགས་ཀྱི་དོན་ལུ་ གནད་འགག་ཅན་ཅིག་ཨིན་མི་ ཞི་གཡོགཔ་དང་ མ་འོངས་རྒྱལ་ཁབ་ཀྱི་ འགོ་ཁྲིདཔ་ཨིན་མི་ ན་གཞོན་སློབ་ཕྲུག་ཚུ་ དམངས་གཙོ་ནང་འབྲེལ་བའི་ ལས་རིམ་ནང་ བཅའ་མར་གཏོགས་མ་ཆོགཔ་ ངེས་བདེན་ཨིན་པ་ཅིན་ རྩ་ཁྲིམས་ཆེན་མོ་གིས་ འབྲུག་པའི་མི་སེར་ལུ་ གནས་ཚུལ་གྱི་ ཐོབ་དབང་གནང་མི་ལས་ འགལ་བ་ཨིན་པས་ཟེར་ཞུ་ནི།
དམངས་གཙོའི་རིང་ལུགས་ཟེར་མི་དེ་ར་ མི་མང་གིས་ འབྲེལ་གཏོགས་འབད་དེ་ ཐག་བཏོག་མི་ལུ་སླབ་དོ་ཡོདཔ་ལས་ འདི་བཟུམ་ བཀག་འཛིན་དང་ རང་སོའི་གཞི་རྟེན་ཐོབ་དབང་ཚུ་ བསྟར་སྤྱོད་འབད་ནི་གི་ དབང་ཚད་མེད་པ་ཅིན་ དམངས་གཙོ་ཡང་དགོཔ་མིན་འདུག་ཟེར་ཞུ་ནི།
མ་གཞི་ དེ་སྦེ་ བཅའ་བཅའ་མར་གཏོགས་མི་ཆོག་པས་ཟེར་ འཐོར་གཏམ་གོཝ་མ་གཏོགས་ མིག་མཐོང་ལག་བཟུང་གི་ སྒྲུབ་བྱེད་གསལ་རིལ་རི་ཅིག་ བཏོན་ནི་མེདཔ་ཨིན་རུང་ སྲིད་དོན་པ་དང་ ཡང་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གིས་ མི་མང་ལུ་ བསྐུལ་བསྒྲགས་ཚུ་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁའི་ནང་མ་གཏོགས་ ཁ་སྐད་གཞན་ནང་ གསལ་བཤད་འབད་ཆོག་མི་དེ་ཡང་ འབྲུག་གི་ཁྲིམས་ལུགས་དགོད་བྲ་སི་སི་ཅིག་ཨིན་མས་ཟེར་ཞུ་ནི། ག་འཆརཔ་ཟེར་བ་ཅིན་ རྫོང་ཁག་གཞན་ཚུ་ནང་ལས་ཕར་སྡོད་མི་ མི་སེར་ཚུ་ རང་སོའི་ཁ་སྐད་མ་གཏོགས་ རྫོང་ཁ་སླབ་ནི་མེདཔ་ལས་ འདེམས་ངོ་ཚུ་ལུ་ རྫོང་ཁ་ནང་ གསལ་བཤད་འབད་བཅུག་མི་དེ་ རྡོ་གུ་ཆུ་བླུགས་དོ་བཟུམ་ཅིག་ཨིན་མས།
འདེམས་ངོ་ཚུ་གིས་ ཁོང་གི་སྐོར་ལས་ གསལ་བཤད་དང་ ཁས་བླངས་གསལ་བསྒྲགས་འབད་མི་དེ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཧ་མ་གོ་བ་ཅིན་ ལྕོགས་གྲུབ་ཅན་ཚུ་ལུ་ ག་དེ་སྦེ་ ཚོགས་རྒྱན་བཙུགས་ནི་སྨོ་ཟེར་ཞུ་ནི།
འབྲུག་གི་རྩ་ཁྲིམས་ཆེན་མོ་གིས་གནང་མི་ གཞི་རྟེན་ཐོབ་དབང་དང་ གནས་ཚུལ་གྱི་ ཐོབ་དབང་ཚུ་ སྤྱོད་དགོ་པ་ཅིན་ མི་སེར་ཆ་མཉམ་ལུ་ མི་མང་དང་འབྲེལ་བའི་ གྲོས་འཛོམས་ཚུ་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་འདྲ་མཉམ་གནང་དགོ་ཟེར་ ཞུ་ནི་ཨིན།

པདྨ་རྡོ་རྗེ། ཐིམ་ཕུ།

No comments:

Post a Comment