གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་སའི་གདམ་ངོ་༣ ལུ་ འགན་ཁུར་གཅིག་ཨིན་རུང་ གཙོ་རིམ་མ་འདྲཝ་ཡོདཔ།

༥/༤/༢༠༡༣   ༉ གཞུང་དྭངས་གསལ་ཅན་བཟོ་ནི་དང་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ ཤེས་ཡོན་གོང་འཕེལ་གཏང་ནི་ བརྡ་དོན་གྱི་ མཐུན་རྐྱེན་ཡར་སྤེལ་གཏང་ནི་ཚུ་ མགར་ས་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་༣ གྱི་ གཙོ་རིམ་ཨིན་པས།
ཁ་སྟོད་རྒེད་འོག་ལས་ གདམ་ངོ་སངས་རྒྱས་མཁའ་འགྲོ་དང་ ལ་ཡ་རྒེད་འོག་ལས་ གདམ་ངོ་བསྟན་འཛིན་
ཁ་སྨད་རྒེད་འོག་ལས་ གདམ་ངོ་ཡེ་ཤེས་རྡོ་རྗེ་༣ གྱིས་ རྩོད་འགྲན་འབད་བའི་བསྒང་།



དེ་ཡང་ སྤྱི་ཟླ་༤ པའི་ཚེས་༣ ལས་འགོ་བཙུགས་མི་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་ཚུ་གི་ མི་མང་རྩོད་འགྲན་ལས་རིམ་ནང་ གདམ་ངོ་༣ གྱིས་ གསལ་བསྒྲགས་འབད་ཡི།
ཁ་སྨད་རྒེད་འོག་ལས་ གདམ་ངོ་ཡེ་ཤེས་རྡོ་རྗེ་དང་ ལ་ཡ་རྒེད་འོག་ལས་ གདམ་ངོ་བསྟན་འཛིན་ དེ་ལས་ ཁ་སྟོད་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ གདམ་ངོ་སངས་རྒྱས་མཁའ་འགྲོ་༣ ལུ་ འབྲུག་རྒྱང་བསྒྲགས་ཀྱི་ དངོས་མཐོང་ལས་རིམ་ནང་ དུས་ཡུན་སྐར་མ་༡༠ རེ་ རང་སོའི་ངོ་སྤྲོད་འབད་ཡི།
གདམ་ངོ་སངས་རྒྱས་མཁའ་འགྲོ་གིས་ བཤད་མིའི་ནང་ རྒྱལ་ཁབ་ཀྱི་ དམངས་གཙོའི་རིང་ལུགས་དེ་ ལེགས་ཤོམ་སྦེ་ འགྱོ་དགོ་པ་ཅིན་ མི་སེར་ཚུ་གིས་ དམངས་གཙོ་དང་འབྲེལ་བའི་ལས་རིམ་ དཔེར་ན་ འདི་བཟུམ་མའི་ རྩོད་བསྡུར་ནང་ བཅའ་མར་གཏོགས་དགོཔ་གལ་ཆེ་ཟེར་ཨིནམ་ད་ ད་རིས་ རྩོད་འགྲན་ནང་ འོང་མི་ཚུ་ གདམ་ངོ་ཚུ་གི་དོན་ལུ་ འོང་འོངམ་མེན་པར་ མ་འོངས་པར་ རྒྱལ་ཁབ་སྒྲིང་སྒྲིང་གནས་ཐབས་ལུ་དམིགས་ཏེ་ཨིན་ཟེར་ བཤད་ཅི།
ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ ཕྱག་འགན་དེ་ ཁྲིམས་ལུགས་འཕྲི་སྣོན་འབད་ནི་དང་ བཅའ་ཁྲིམས་ བསྐྱར་ཞིབ་འབད་ནི་རྐྱངམ་གཅིག་མིན་པར་ གཞུང་གི་ཕྱག་ལཱ་ཚུ་ དགག་བཤེར་དང་ ཚད་མཉམ་བཞག་ཐོག་ལས་ དྭངས་གསལ་ཅན་བཟོ་ནི་ཚུ་ཡང་ཨིན་ཟེར་ཨིན་པས།
གདམ་ངོ་བསྟན་འཛིན་གྱིས་ཡང་ ཚོགས་སྡེའི་འགན་ཁུར་ཚུ་གི་སྐོར་ལས་ གསལ་བཤད་འབད་ཡོདཔ་བཞིན་དུ་ ཁོ་གིས་འབད་བ་ཅིན་ དམངས་གཙོའི་རིང་ལུགས་ཀྱི་ ཁྱད་ཆོས་ཅིག་ མི་མང་ལུ་ གདམ་འཐུ་འབད་ནི་གི་ གོ་སྐབས་བྱིན་ནི་དེ་ཨིན་ཟེར་ཨིན་པས།
གདམ་ངོ་ཡེ་ཤེས་རྡོ་རྗེ་གིས་འབད་བ་ཅིན་ ཚོགས་སྡེའི་ཕྱག་འགན་དེ་ ཁྲིམས་བསྐྱར་གསོ་འབད་ནི་རྐྱངམ་གཅིག་མིན་པར་ གཞུང་དང་ མི་སེར་གྱི་བར་ན་ ཟམ་བཟུམ་ཅིག་ཨིནམ་ལས་ རྒྱལ་ཁབ་ཀྱི་ བདེ་སྲུང་དང་ རང་བཙན་གྱི་དོན་ལུ་ཡང་ ཕྱག་ལཱ་གནང་མི་ཅིག་ཨིན་ཟེར་ཨིན་པས།
དེ་གི་ཤུལ་ལས་ གདམ་ངོ་ཚུ་གི་བར་ན་ དྲི་བཀོད་ལས་རིམ་འགོ་འདྲེན་འཐབ་ད་ སངས་རྒྱས་མཁའ་འགྲོ་གིས་ རྩོད་འགྲན་པ་༢ ལུ་ གལ་སྲིད་ བཙག་འཐུ་གྲུབ་པ་ཅིན་ མཐའ་ཟུར་རྫོང་ཁག་དེ་ནང་ ཤེས་རིག་གོང་འཕེལ་གཏང་ནིའི་དོན་ལུ་ ཐབས་ལམ་ག་ཅི་བཏོན་དགོཔ་འདུག་ཟེར་ དྲི་བའི་ལན་ལུ་ བསྟན་འཛིན་གྱིས་ སླབ་མིའི་ནང་ མཐའ་ཟུར་གྱི་རྒེད་འོག་ལ་ཡ་དང་ ལུང་ནག་ནང་ལུ་ ཤེས་རིག་དེ་ འགྲུལ་འཕྲིན་ཐོག་ལས་ སྤྲོད་པ་ཅིན་ ཁྱབ་ཚད་ལེགས་ཤོམ་འོང་ནི་ཨིནམ་ལས་ ལ་ནོར་འཚོ་སྡོད་མི་ཚུ་གིས་ཡང་ ཤེས་ཡོན་ལྷབ་ནི་ལུ་ སྤྲོ་བ་ལེན་ནི་གི་ གོ་སྐབས་ཡོདཔ་ལས་ ཐབས་ལམ་དེ་ལུ་ གཙོ་བོར་བཟུང་ནི་ཟེར་ཨིན་པས།
ཡེ་ཤེས་རྡོ་རྗེ་གིས་འབད་བ་ཅིན་ གལ་སྲིད་ སྤྱི་ཟླ་༤ པའི་ཚེས་༢༣ གྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ཁོ་བཙག་འཐུ་འགྲུབ་པ་ཅིན་ ཤེས་རིག་དང་འབྲེལ་བའི་ གཞི་རྟེན་མཁོ་ཆས་ གོང་འཕེལ་གཏང་ནི་ཟེར་ཨིན་པས།
བསྟན་འཛིན་གྱིས་ ཡེ་ཤེས་རྡོ་རྗེ་ལུ་ དྲི་བ་བཀོད་མིའི་ནང་ དམངས་གཙོའི་རིང་ལུགས་ནང་ གཡུས་སྒོ་དང་ ཁྲོམ་ཁར་སྡོད་མི་ཚུ་གི་བར་ན གནས་ཚུལ་གྱི་ ཐོབ་དབང་འདྲ་མཉམ་བཟོ་དགོ་པ་ཅིན་ ཐབས་ལམ་ག་ཅི་ བཏོན་དགོཔ་འདུག་ག་ཟེར་བའི་ལན་ལུ་ ཡེ་ཤེས་རྡོ་རྗེ་གིས་ རྒྱང་མཐོང་ཊི་བིའི་ ཁྱབ་ཚད་ལེགས་ཤོམ་མཁོ་སྤྲོད་འབད་དགོཔ་འདུག་ཟེར་ཨིན་པས།
ད་རུང་ བསྟན་འཛིན་གྱིས་ སངས་རྒྱས་མཁའ་འགྲོ་ལུ་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ཕྱག་ཞུ་བའི་སྐབས་ གནས་ཚུལ་ཐོབ་དབང་གི་ ཟིན་བྲིས་བཀོད་མི་དེ་ རྫོང་ཁག་གི་ མི་ཚུ་དང་གཅིག་ཁར་ གྲོས་བསྟུན་ལེགས་ཤོམ་སྦེ་ འབད་ཡི་ག་ཟེར་ དྲི་བའི་ལན་ལུ་ སངས་རྒྱས་མཁའ་འགྲོ་གིས་ ཁྲིམས་གསརཔ་ག་ཅི་ར་བརྩམ་རུང་ བསྐྱར་ཞིབ་འབདཝ་ད་ རྒེད་འོག་དང་ རྫོང་ཁག་དང་གཅིག་ཁར་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཡེ་ཤེས་རྡོ་རྗེ་གིས་ སངས་རྒྱས་མཁའ་འགྲོ་ལུ་ དྲི་བཀོད་འབད་མི་ནང་ ཁོ་གིས་ ཚོགས་སྡེའི་ནང་ དོ་འགྲན་ཅན་གྱི་ ལཱ་ག་བཟུམ་འབད་ཡི་ཟེར་བའི་ལན་ལུ་ ཧེ་མ་ར་ སྲིད་བྱུས་དང་ ལམ་ལུགས་ཚུ་ ཧ་གོ་མ་ཚུགས་པའི་དཀའ་ངལ་དུམ་གྲ་རེ་ ཐོན་ཡོད་རུང་ ཚོགས་སྡེའི་ནང་ ཁྱད་རིག་ཅན་དང་ ཉམས་མྱོང་ཅན་གྱི་ འཐུས་མི་ཚུ་ཡོདཔ་ལས་ སྟབས་མ་བདེཝ་མ་ཐོན་ཟེར་ཨིན་པས།
ཡེ་ཤེས་རྡོ་རྗེ་གིས་ བསྟན་འཛིན་ལུ་ གལ་སྲིད་ ཁོ་ ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་འགྲུབ་པ་ཅིན་ མི་སེར་གྱི་དོན་ལུ་ ཕྱག་ག་དེ་སྦེ་ ཞུ་ནི་སྨོ་ཟེར་ དྲི་བའི་ལན་ལུ་ ཁོ་ར་ མཐའ་ཟུར་གྱི་ གཡུས་ཚན་ནང་ལས་ འོང་ནི་དེ་གིས་ མི་སེར་ཚུ་གི་ དཀའ་ངལ་དང་ བྱ་སྟབས་མ་བདེཝ་ཚུ་ ཤེས་གསལ་ཡོད་མི་ལུ་བརྟེན་ འདི་བཟུམ་མའི་ དཀའ་ངལ་ཚུ་ལུ་ ལེགས་ཤོམ་སྦེ་ར་གདོང་ལེན་འབད་ཚུགས་ཟེར་བཤད་ཅི།
གདམ་ངོ་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ ལམ་ལུགས་ཀྱིས་ རྒྱང་མཐོང་ཊི་བི་མེད་པའི་ རྒེད་འོག་ལ་ཡ་དང་ ལུང་ནག་ནང་གི་ མི་སེར་ཚུ་ལུ་ ཁོང་གི་ རྩོད་འགྲན་ལྟ་ནིའི་ གོ་སྐབས་མེདཔ་ལས་ དེ་གིས་ ཁྱད་པར་ཅིག་ བཟོ་མི་ཚུགས་ནི་མས་ཟེར་ཨིནམ་ད་ ལ་ཡ་ལུ་ རྒྱང་མཐོང་ཊི་བི་ཡོད་མི་ ཁྱིམ་གུང་༢ མ་གཏོགས་མེདཔ་ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment