གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེ་རྫོང་ཁག་གི་ གདམ་ངོ་༧ གྱི་ མི་མང་རྩོད་འགྲན་ ཁ་ཙ་འབད་ཡོདཔ།

༥/༤/༢༠༡༣   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་ཚུ་གི་ མི་མང་རྩོད་འགྲན་ནང་ བཅའ་མར་གཏོགས་མི་༦༠ དེ་ཅིག་ལུ་ གདམ་ངོ་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འགན་ཁུར་འབག་དགོཔ་ ག་ཅི་ཡོདཔ་ཨིན་ན་དང་ བསྐྱར་ཞིབ་ཚོགས་ཁང་ཅིག་སྦེ་ བྱ་སྒོ་འཐབ་ད་ ཁོང་རའི་འདེམས་ཁོངས་དང་ རྒྱལ་ཁབ་ཀྱི་མི་སེར་ལུ་ ཕྱག་ཞུ་ནི་གི་ རེ་བ་ག་ཅི་ཡོདཔ་ཨིན་ནའི་སྐོར་ གསལ་བཤད་འབད་ཡོདཔ་ཨིན་པས།
མི་མང་རྩོད་འགྲན་ནང་ གདམ་ངོ་༧ གྱིས་ བཅའ་མར་གཏོགས་པའི་བསྒང་།


དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ རྫོང་ཁག་ལས་ སྡོད་ཁྲི་ཅིག་གི་དོན་ལུ་ དོ་འགྲན་འབད་མི་ རྒྱལ་ཁབ་ནང་ གདམ་ངོ་མཐོ་ཤོས་ཅིག་ཨིན་མི་ བསམ་རྩེ་རྫོང་ཁག་གི་ གདམ་ངོ་༧ གྱིས་ མི་མང་རྩོད་འགྲན་ལས་རིམ་ནང་ འབྲེལ་གཏོགས་འབད་ནུག།
བསམ་རྩེ་འབྲིང་རིམ་སློབ་གྲྭ་གོང་མའི་ འཁྲབ་སྟོན་ཁང་ནང་ འགོ་འདྲེན་འཐབ་མི་ རྩོད་འགྲན་སྐབས་ གདམ་ངོ་རེ་ལུ་ རང་སོའི་ཁས་བླངས་དང་ དམིགས་འཆར་ཚུ་ གསལ་བཤད་འབད་ནི་གི་ དུས་ཡུན་སྐར་མ་༡༠ རེ་ བྱིན་ཡོདཔ་མ་ཚད་ གདམ་ངོ་གཞན་ཚུ་གིས་ དྲི་བ་བཀོད་མིའི་ ལན་སླབ་ནི་གི་ དུས་ཡུན་སྐར་མ་༥ རེ་དང་ རྩོད་འགྲན་མཇུག་བསྡུའི་ གསལ་བཤད་འབད་ནིའི་ དུས་ཡུན་སྐར་མ་༥ རེ་བྱིན་ཡོདཔ་ཨིན་པས།
གསལ་བཤད་འབད་མི་ དང་པ་ར་ རྡོ་ཕུག་ཅན་རྒེད་འོག་ལས་ གདམ་ངོ་ཅ་ཏ་ར་པ་ཊི་ ཕུ་ཡེལ་གྱིས་ ཁོ་ར་ གཡུས་ཚན་ནང་ སྡོད་མི་ཅིག་ཨིནམ་ལས་ མི་སེར་གྱི་ དཀའ་ངལ་ཚུ་ ལེགས་ཤོམ་སྦེ་ ཧ་གོཝ་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་ ཁོ་རའི་གདོང་ཁར་ཡོད་མི་ ཡི་གུ་དེ་ ན་འཐན་དྲནམ་བཏོན་ཐོག་ལས་ ལྷགཔ་དང་འབྲེལ་ སླབ་མིའི་ནང་ གལ་སྲིད་ ཁོ་ར་ བཙག་འཐུའི་ནང་ བཙག་འཐུ་འགྲུབ་པ་ཅིན་ རྫོང་ཁག་ནང་ སློབ་གྲྭ་དང་ སྨན་ཁང་ སོ་ནམ་ལ་སོགས་པའི་ གོང་འཕེལ་ལས་སྣ་ཚུ་ འབག་འོང་ཚུགསཔ་ ངེས་བརྟན་བཟོ་ནི་ཟེར་ཨིནམ་ད་ ང་གིས་ མི་སེར་དང་ གཞུང་གི་བར་ན་ ཟམ་བཟུམ་ཅིག་སྦེ་ ཕྱག་ཞུ་ནི་ཨིནམ་མ་ཚད་ ལཱ་གཡོག་གི་ དཀའ་ངལ་སེལ་ནིའི་དོན་ལུ་ ཐབས་བྱུས་ཅིག་ བརྩམ་ནི་ལུ་ བརྩོན་ཤུགས་བསྐྱེད་འོང་ཟེར་ ཆ་ཏ་ར་པ་ཊི་ ཕུ་ཡེལ་གྱིས་ སླབ་ཡོདཔ་ཨིན་པས།
བསམ་རྩེ་ཁྲོམ་སྡེའི་ གདམ་ངོ་ཁྱུང་བདུད་ཚེ་རིང་གིས་འབད་བ་ཅིན་ འདེམས་ཁོངས་ཀྱི་དོན་ལུ་ ཧེ་མ་ལས་ བརྩམས་ཚར་མི་ གོང་འཕེལ་ལས་སྣ་ཚུ་ ལག་ལེན་འཐབ་ནི་ལུ་ གཙོ་བོ་བཏོན་ནི་ཟེར་ཨིནམ་ད་ ངེ་གི་ འཆར་སྣང་ལས་འབད་བ་ཅིན་ ཚོགས་ཁང་གོང་འོག་གཉིས་ཆ་རའི་ནང་ དཔྱད་ཡིག་ཚུ་གི་སྐོར་ལས་ གསུང་གྲོས་མ་གནང་པའི་ཧེ་མར་ དང་པ་ར་ མི་སེར་ཚུ་དང་ གྲོས་བསྡུར་འབད་དགོཔ་དེ་ གལ་ཆེཝ་སྦེ་ མཐོངམ་མས་ཟེར་ ཁོ་གིས་ བཤད་པའི་ཁར་ བསམ་རྩེ་ལུ་ དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ འཆར་གཞི་སྒྲིང་སྒྲིང་ཅིག་ བརྩམ་ནི་ལུ་ ཤུགས་གཏོན་ནི་ཟེར་ སླབ་ཨིན་པས།
རྫོང་ཁའི་ནང་བྲིས་མི་ ཡི་གུ་དེ་ དྲན་ཤེས་བཏོན་ཐོག་ལས་ ལྷགཔ་དང་འབྲེལ་ པདྨ་གླིང་རྒེད་འོག་ལས་ གདམ་ངོ་དཱན་ཀུ་མར་ག་ལེ་གིས་ བཤད་མིའི་ནང་ མི་སེར་ཚུ་གིས་ ཁོ་ལུ་ བློ་གཏད་དེ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་དགོ་པའི་ སེམས་ཤུགས་བསྐྱེདཔ་བཞིན་དུ་ ཁོ་གིས་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དེ་ སེམས་ཁར་བཞག་ཐོག་ལས་ ཁོ་རའི་འདེམས་ཁོངས་ཡར་རྒྱས་གཏང་ནི་ལུ་ ག་དེ་དྲག་དྲག་ རྩ་འགེངས་ཏེ་ ཕྱག་ཞུ་ནི་ཟེར་ཨིན་པས།
ཁོ་རའི་གསལ་བཤད་ལས་རིམ་ དུས་ཡུན་སྐར་མ་༥ ནང་ མཇུག་བསྡུ་མི་ བསམ་རྩེ་རྒེད་འོག་གི་ གདམ་ངོ་ག་ནེཤ་ གི་མི་རེ་གིས་ འབད་བ་ཅིན་ ཁོ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་མི་དེ་ཡང་ མི་སྡེའི་ནང་འཁོད་ལུ་ མཐུན་ལམ་ཐོག་ལས་ ལཱ་འབད་ནིའི་དོན་ལུ་ཨིནམ་ད་ ང་གིས་ ལཱ་གཡོག་གི་ གོ་སྐབས་དང་ དངུལ་ཕོགས་འདྲ་མཉམ་ཡོདཔ་བཟོ་ནི་ལུ་ ག་དེ་དྲག་དྲག་ རྩ་འགེངས་འོང་ཟེར་ གསལ་བཤད་འབདཝ་ད་ ཡུན་རིངམོ་སྦེ་ ཐོགས་ལུས་མི་ གི་མི་རེ་གིས་ བཤདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་དེ་ བསྐྱར་ཞིབ་ཚོགས་ཁང་གལ་གནད་ཅན་ཅིག་སྦེ་ བརྩི་འཇོག་འབད་མི་ གདན་ཅུ་ཁ་རྒེད་འོག་གི་ གདམ་ངོ་ཁ་ར་ནཱན་ད་ ད་ཀཱལ་གྱིས་ སླབ་མིའི་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དེ་ སེམས་ཁར་བཞག་ཐོག་ལས་ མི་སེར་ལུ་ཕན་པའི་ དཔྱད་ཡིག་དང་ ཁྲིམས་ཡིག་རེ་རེ་བཞིན་དུ་ བསྐྱར་ཞིབ་འབད་དགོཔ་དེ་ ཁག་ཆེ་ཟེར་ཨིནམ་ད་ ང་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་མི་ མི་སེར་ཚུ་ལུ་ ཧིང་དྭངས་མའི་ དཀྱིལ་ལས་ར་ བཀྲིན་དགའ་ཚོར་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
ད་རུང་ དུས་ཡུན་སྐར་མ་༥ ནང་ གསལ་བཤད་མཇུག་བསྡུ་མི་ འོད་གསལ་རྩེ་རྒེད་འོག་གི་ གདམ་ངོ་ན་ར་ཡཱན་ ད་ཧཱལ་གྱིས་ འཁོར་ལམ་ལ་སོགས་པའི་ གོང་འཕེལ་ལས་རིམ་ཚུ་ལུ་ གཙོ་བོར་བཏོན་ནི་ཟེར་ བཤད་པའི་ཁར་ མི་སེར་ཚུ་ལུ་ དཀའ་ངལ་ག་ཅི་བཟུམ་ཡོད་རུང་ ཁོ་གི་ཁ་ཐུག་ལས་ སེལ་ཐབས་འབད་ནི་ཟེར་ སླབ་ཨིན་པས།
མི་ངོམ་ཅིག་གིས་ ཁས་བླངས་འབད་མི་དེ་ ཁག་མ་ཆེ་བར་ རྒྱལ་ཡོངས་ཚོགས་སྡེའི་ནང་ གནས་ཡུན་ལོ་༥ གི་སྐབས་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་ནི་དེ་ གལ་ཆེཝ་སྦེ་ ཆ་བཞགཔ་ཨིན་ཟེར་ གསལ་བཤད་པ་མཇུག་ཨིན་མི་ གཏན་འབྲུ་རྒེད་འོག་གི་ གདམ་ངོ་སངས་རྒྱས་མཁའ་འགྲོ་གིས་ བཤད་པའི་ཁར་ གལ་སྲིད་ ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ ལོ་ལྔའི་གནས་ཡུན་སྐབས་ ཕྱག་ག་ཅི་ཞུ་ནི་ཨིན་ན་ ཁོ་ལུ་ ཤེས་རྟོགས་མེདཔ་ཨིན་རུང་ ཁྲིམས་ཡིག་དང་ དཔྱད་ཡིག་ ཡང་ཅིན་ སྲིད་བྱུས་ག་ཅི་ར་ཨིན་རུང་ གྲོས་བསྡུར་མ་གནང་པའི་ཧེ་མར་ མི་སེར་ཚུ་དང་ གྲོས་བསྟུན་འབད་ནི་ཟེར་ སླབ་ཨིན་པས།
གདམ་ངོ་༧ ཆ་ར་གིས་ མོས་མཐུན་ཐོག་ལས་ གཅིག་གིས་གཅིག་ལུ་ དྲི་བ་བཀོད་ནི་མེདཔ་སྦེ་ སླབ་ཡོདཔ་ད་ རྩོད་འགྲན་དེ་ ཕྱི་རུའི་ཆུ་ཚོད་༦ ལས་འགོ་བཙུགས་མི་དེ་ ཕྱི་རུའི་ཆུ་ཚོད་༧.༣༠ ལུ་ མཇུག་བསྡུ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment