གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་སྡེ་ཚོགས་ཆུང་ལུ་ ས་ཆ་བགོ་བཀྲམ་འབད་ནི་གི་ དབང་ཚད་ཡོད་པའི་ཁུངས་གསལ།

༤/༤/༢༠༡༣   ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བརྒལ་ལན་ནངས་པ་ཕུལ་ནི།
༉ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲིའི་ དྲང་དཔོན་༣ གྱིས་ མོང་སྒར་རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ མཐོ་གཏུགས་རྩོད་བཤེར་གྱི་ སྟ་གོན་སྙན་གསན་སྐབས་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་དང་ ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་༡༣ གྱི་ རྒྱབ་མི་གིས་ མཐོ་གཏུགས་པ་ཚུ་ལུ་ ཉེས་འཛུགས་འཁྲི་དགོཔ་མེད་པའི་ གསལ་ཞུ་ཕུལ་ཡི།


དེ་ཡང་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ ཁྲོས་སྡེ་ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་དགོ་པའི་ གནད་དོན་ཚུ་ ཡིག་ཐོག་དང་ ངག་ཐོག་ལུ་ ཕུལཝ་དང་འབྲེལ་ རྒྱབ་མི་འཇམ་དབྱངས་ཤེས་རབ་དབང་འདུས་ཀྱིས་ ཞུ་མིའི་ནང་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ མཐོ་གཏུགས་པ་ཚུ་ལུ་ ཡིག་ཚང་གི་ བྱ་སྤྱོད་ངན་པའི་ ཉེས་ཁྲིམས་ལོ་རེ་བཀལ་མིའི་ཐད་ལུ་ དང་པ་ ཁོང་ལུ་ ཁེ་ཕན་ལྟག་སྤྲོད་ཡང་མེདཔ་མ་ཚད་ གཉིས་པ་ ས་ཆ་བགོ་བཀྲམ་དེ་ཡང་ ཁྲིམས་ལུགས་དང་འཁྲིལ་བའི་ དབང་ཚད་སྤྱོད་དེ་ ཕྱག་ཞུ་ཐོག་ལས་ ས་ཆའི་རིན་ཚུ་ཡང་ གཞུང་གི་རྩིས་ཐོ་ནང་ བཙུགས་བཞག་ཡོདཔ་ལས་ བཙོན་ཁྲིམས་སྨིན་དགོཔ་མེད་ཟེར་ཨིན་པས།
དེ་མ་ཚད་ མོང་སྒར་གྱི་ འཁྲུན་ཆོད་ནང་ ཁོ་ར་ལུ་ ཁེ་ཕན་ལྟག་སྤྲོད་མེད་པའི་ཁར་ ས་ཆ་གི་ རྒྱ་ཚད་ཐད་ལས་ཡང་ ག་ར་གཅིག་མཚུངས་འབད་སྤྲོད་ནུག་ཟེར་ གསལ་རིལ་རི་སྦེ་ བཀོད་དེ་ཡོད་མི་དེ་གིས་ མཐོ་གཏུགས་པ་ཚུ་ལུ་ ཉེས་ཅན་གྱི་ བསམ་སྦྱོར་མེད་པའི་ མངོན་རྟགས་སྟོནམ་ཨིན་ཟེར་ཞུ་ཡི།
རྒྱབ་མི་གིས་འབད་བ་ཅིན་ ཁྲོམ་སྡེ་ཚོགས་ཆུང་གི་ ཁྲི་འཛིན་དང་ འཐུས་མི་ཚུ་གིས་ ཁྲོམ་སྡེ་བཅའ་ཁྲིམས་༡༩༩༩ ཅན་མ་གིས་ ས་ཆ་བགོ་བཀྲམ་འབད་ནི་གི་ དབང་ཚད་གནང་མི་དང་ སྤྱི་ལོ་༡༩༩༧ ལུ་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་གིས་སྤེལ་བའི་བཅའ་ཡིག་ རྫོང་ཁག་ཡར་རྒྱས་ཚོགས་འདུའི་བཅའ་ཁྲིམས་༢༠༠༢ ཅན་མ་ དེ་ལས་ རྫོང་ཁག་ཡར་རྒྱས་ཚོགས་འདུའི་ ལག་ལེན་གྱི་ བྱ་བའི་གནད་སྤྱོད་༢༠༠༤ ཅན་མའི་ དགོངས་དོན་ཚུ་དང་འཁྲིལ་ བསྟར་སྤྱོད་འབད་ཡོད་རུང་ མོང་སྒར་ཁྲིམས་འདུན་གྱིས་ ངོས་ལེན་མཛད་མ་བཏུབ་མི་ལུ་བརྟེན་ མཐོ་གཏུགས་པ་ཚུ་ལུ་ ཁེ་རྒུད་མ་བཏུབ་ཟེར་ཨིན་པས།
འབྲེལ་ཡོད་ཚད་ལྡན་དབང་འཛིན་གྱིས་ ཞབས་ཏོག་ལྷན་ཁག་ལས་ཡང་ རྒྱལ་པོའི་ཞིང་ཁྲོམ་སའི་ གཏན་འབེབས་ས་ཁྲ་དང་བཅས་པའི་ གནང་བ་གྲུབ་ཡོདཔ་མ་ཚད་ མི་དབང་མངའ་བདག་རིན་པོ་ཆེའི་ དགོངས་བཞེད་ལྟར་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་དང་ གོང་གསལ་བཅའ་ཁྲིམས་དང་འཁྲིལ་ཏེ་ རྫོང་ཁག་ཡར་རྒྱས་ཚོགས་འདུ་ལས་ རྒྱབ་སྣོན་ཆ་འཇོག་གྲུབ་ཞིནམ་ལས་ ཁྲོམ་སྡེ་ཚོགས་ཆུང་གིས་ ཁྲོམ་སྡེ་བཅའ་ཁྲིམས་དང་བསྟུན་ ཁྲོམ་སྡེ་གཞི་འཛུགས་འབད་དེ་ ཁྲིམས་མཐུན་ཐོག་ འཁྲི་འགན་འབག་འབགཔ་མ་གཏོགས་ ཁྲིམས་ལས་འགལ་བའི་ ཉེས་པ་མེད་ཟེར་ རྒྱབ་མི་གིས་ཞུ་ཡི།
ཁོ་གིས་ ཞུ་མིའི་ནང་ ཁྲོམ་སྡེ་ཚོགས་ཆུང་གིས་ ས་ཆ་བགོ་བཀྲམ་འབད་ཡོད་མི་དེ་ མོང་སྒར་ལུ་རྐྱངམ་གཅིག་མིན་པར་ བཅའ་ཁྲིམས་དང་འཁྲིལ་ འདི་བཟུམ་སྦེ་ རྒྱལ་ཁབ་ཀྱི་ རྫོང་ཁག་གཞན་ཚུ་ནང་ཡང་ ཁྲོམ་ས་བགོ་བཀྲམ་འབད་བའི་ ལམ་ལུགས་སྡོད་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ མོང་སྒར་གྱི་ རྫོང་བདག་དང་ ཁྲོམ་སྡེ་ཚོགས་ཆུང་གི་ ཁྲི་འཛིན་ཡང་ཨིན་མི་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་དང་ འཐུས་མི་ཚུ་གིས་ ས་ཚན་༥ བགོ་སྤྲོད་འབད་མི་དེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་གནང་མི་ བཀའ་ཤོག་དང་ འགལ་ཡོདཔ་མ་ཚད་ སྤྱི་ལོ་༡༩༩༡ ལུ་ ཞབས་ཏོག་ལྷན་ཁག་དང་ རྫོང་སྡེ་སྤྱི་ཁྱབ་ཀྱིས་གནང་མི་ གཞུང་གི་ཚད་གཞི་དང་ ལམ་ལུགས་ཚུ་དང་མ་འཁྲིལ་བས་ཟེར་ མོང་སྒར་གྱི་ འཁྲུན་ཆོད་ནང་ གསལ་བཀོད་འབད་ནུག།
ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ ཁེ་རྒུད་མ་བཏུབ་པའི་ གནད་དོན་གཞན་དེ་ རྫོང་ཁག་གི་ འཁྲུན་ཆོད་ནང་ ཧེ་མ་ལས་ ས་དགོ་འདོད་བསྐྱེད་དེ་ ཞུ་ཡིག་༡༢༤ པོ་ རྒྱབ་བསྐྱུར་བཞག་སྟེ་ མཐོ་གཏུགས་པ་ཚུ་གིས་ ཤེས་བཞིན་མཐོང་བཞིན་ར་ ཚུལ་མིན་གྱི་ཐོག་ལས་ ཁྲོམ་སྡེ་ཚོགས་ཆུང་གི་ ཚོགས་ཐེངས་༣༠ པའི་ནང་ གྲྭ་ཚང་༢ དང་ ཚོགས་ཐེངས་༣༤ པའི་ནང་ མི་ངོམ་༡ ལུ་ ས་ཆ་སྤྲོད་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༡༢ པའི་དགོངས་དོན་ལྟར་ ཉེས་ཁྲིམས་སྨིན་དགོ་པར་ འཁྲུན་ཆོད་གྲུབ་ཟེར་ བཀོད་དེ་ཡོད་མི་ལུ་བརྟེན་ཨིན་པས།
རྒྱབ་མི་འཇམ་དབྱངས་ཤེས་རབ་དབང་འདུས་ཀྱིས་ རྫོང་བདག་གསར་བགྲེས་གཉིས་ཀྱི་ རྩིས་སྤྲོད་ལེན་སྐབས་ ས་གནས་དེ་ཁར་ ས་དགོ་འདོད་བསྐྱེདམི་ཚུ་གི་ ཞུ་ཡིག་༡༢༤ ཡོད་མིའི་སྐོར་ལས་ ལོ་རྒྱུས་ག་ནི་ཡང་ ཐོན་ཐོནམ་མེད་པའི་ཁར་ ཞུ་ཡིག་དེ་ཚུ་ག་ར་ ས་ཆ་བགོ་བཀྲམ་རིམ་ཐེངས་གསུམ་སྦེ་ སྤྲོད་པའི་སྐབས་ལུ་ བཙུགས་ནུག་ཟེར་ཨིན་པས།
དེ་གིས་མ་ཚད་ རྫོང་ཁག་ཡར་རྒྱས་ཚོགས་འདུ་ཐེངས་༣ པ་འཚོགས་པའི་སྐབས་ རྫོང་བདག་གསར་བགྲེས་ གཉིས་ཆ་ར་ཡོད་པའི་ ཚོགས་དམངས་ལུ་ རྫོང་བདག་བགྲེསཔ་གིས་ གཞུང་ཞབས་ཀྱི་བཀའ་བཞིན་ ཚོང་པ་ཚུ་ལུ་ ཚོང་རྐྱབ་ནིའི་ ས་ཆ་ཚུ་ སྤྲོད་ཚར་བའི་ཁར་ ཚོང་པ་ཚུ་གིས་ ཁྱིམ་རྐྱབ་ཚར་ཡོད་ཟེར་ གསལ་བཤད་འབད་ནུག་ཟེར་ཨིནམ་ད་ ཞུ་ཡིག་༡༢༤ ཡུན་འགྱངས་ཀྱི་གྲངས་སུ་ རྩིས་ཡང་ལེན་ལེནམ་མེདཔ་ལས་ ཧེ་མའི་ རྫོང་བདག་གི་སྐབས་ལུ་ འབད་ཚར་བའི་ལཱ་ལུ་ ང་བཅས་ཀྱིས་ ལོག་སྟེ་ཞིབ་དཔྱད་འབད་དགོཔ་ མ་མཐོང་ཟེར་ རྒྱབ་མི་གིས་ཞུ་ཡི།
དེ་འབདཝ་ལས་ ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ཞུ་ཡིག་༡༢༤ ཤེས་བཞིན་མཐོང་བཞིན་ ཚུལ་མིན་གྱི་ཐོག་ལས་ རྒྱབ་ཏུ་བསྐྱུར་བཞག་བཞགཔ་མེད་པའི་ཁར་ ཁེ་ཕན་ལྟག་སྤྲོད་ཚུ་ཡང་མེདཔ་ལས་ གནོད་འགེལ་དེ་གི་ ཉེས་པ་འཁྲི་དགོཔ་ མེད་ཟེར་ཞུ་ཡི།
ཡིག་ཚང་གི་ བྱ་སྤྱོད་ངན་པ་དེ་ ཉེས་འགེལ་གྱི་ ཁྲིམས་ལུགས་ཐོག་ལས་ དཔྱད་པ་ཅིན་ རང་གི་བསམ་དཔྱད་ ཡང་ཅིན་ ལེགས་པའི་བབ་ལྟོས་ལས་འགལ་བ་ཙམ་ཅིག་མིན་པར་ ལག་ལེན་འཐབ་པ་ ཡང་ཅིན་ ཕྱིར་བཤོལ་བཞག་པའམ་ སྣང་མེད་བསྐྱུར་ཏེ་ ཤེས་བཞིན་མཐོང་བཞིན་གྱི་སྒོ་ལས་ ངན་ལྷད་དང་འབྲེལ་བ་ཡོདཔ་ཅིག་ དགོཔ་ཨིནམ་ལས་ ཁྲིམས་ཞབས་ལས་ མཐོ་གཏུགས་པ་ཚུ་ལུ་ ཉེས་གྲོལ་གནང་སྟེ་ ཉེས་མེད་གསལ་བསྒྲགས་གནང་ཐབས་ཡོདཔ་ཅིག་དང་ རྩོད་གཞིའི་དོན་ཁུངས་དང་ གནས་སྟངས་དང་བསྟུན་པའི་ རྒུད་སྐྱོབ་གཞན་ཡང་ མཛད་གནང་དགོ་པའི་ གསོལ་འདེབས་ཕུལཝ་ཨིན་ཟེར་ རྒྱབ་མི་འཇམ་དབྱངས་ཤེས་རབ་དབང་འདུས་ཀྱིས་ཞུ་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ངོ་ཚབ་ཀྱིས་ཡང་ རྒྱབ་མི་གིས་ཞུ་མི་ལུ་ དོགས་སེལ་དང་ ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ ཉེས་འཛུགས་འབད་དགོ་པའི་ གནད་དོན་ཚུ་ ངག་ཐོག་ལུ་ མདོར་བསྡུ་སྟེ་ ཞུ་ཡོདཔ་ཨིན་རུང་ བརྒལ་ལན་ཚུ་ ཡིག་ཐོག་ལུ་ ནངས་པ་རེས་གཟའ་སྤེན་པ་ལུ་ ཕུལ་ནི་སྦེ་ཞུ་ཡི།
ངོ་ཚབ་ཀྱིས་ ཞུ་མིའི་ནང་ མོང་སྒར་ལུ་ རྩོད་བཤེར་འབད་བའི་སྐབས་ ནང་སྲིད་བློན་པོ་དང་ ཚོགས་ཆུང་གི་ འཐུས་མི་ཚུ་གི་ རྩོད་གཞི་སོ་སོར་ཨིན་རུང་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ རྩོད་གཞི་གཅིག་སྦེ་ བརྩི་འཇོག་ཐོག་ རྩོད་བཤེར་གནང་ནི་ཨིན་མི་ལུ་ ཧ་གོ་མ་ཚུགས་ཟེར་ཨིན་པས།
དེ་ལས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱི་ སྟ་གོན་སྙན་གསན་དེ་ རེས་གཟའ་མིག་དམར་ལུ་ མཛད་ནི་ཨིནམ་ད་ དེ་བསྒང་ ཚོགས་དཔོན་གྱི་ རྒྱབ་མི་གིས་ མཐོ་གཏུགས་འབད་དགོ་པའི་ གནད་དོན་ཚུ་ ཡིག་ཐོག་དང་ ངག་ཐོག་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment