གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཁོར་ལམ་བྱང་ཉེས་ལུ་བརྟེན་ སློབ་ཕྲུག་ཚུ་ལུ་ འཕྲོད་བརྟེན་གྱི་དཀའ་ངལ།

༡/༤/༢༠༡༣   ༉ ཕུན་ཚོགས་གླིང་ ལུང་ཕྱོགས་འོང་འབབ་དང་ཅ་དམ་ཡིག་ཚང་གི་ ལྗིད་ཚད་བརྟག་དཔྱད་ཞབས་ཏོག་གི་ ཟམ་གྱི་སྦོ་ལོགས་ཁའི་འཁོར་ལམ་ཚུ་ གནས་སྟངས་སྐྱོ་དྲགས་ཐལ་སོང་མི་ལུ་བརྟེན་ ཐལཝ་ཐོན་ཏེ་ ཉེ་འདབས་ལུ་ཡོད་མི་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཚུ་ལུ་ དཀའ་ངལ་བྱུངམ་ཨིན་པས།
ཐལཝ་ཐོན་མིའི་འཁོར་ལམ་ལས་ སློབ་ཕྲུག་ཚུ་འགྱོ་བའི་བསྒང་།


ལྗིད་བརྟག་ཟམ་དེ་ཁར་ དོས་འབག་མི་སྣུམ་འཁོར་ཆེ་བའི་རིགས་ ལེ་ཤ་འོང་དོ་ཡོདཔ་ད་ སྣུམ་འཁོར་ཚུ་འགྲོ་འགྲུལ་འབད་བའི་སྐབས་ ཐལཝ་སློང་མི་གིས་ སློབ་གྲྭའི་མཐའ་འཁོར་ ཐལཝ་གིས་གང་བའི་དཀའ་ངལ་བྱུངམ་ལས་ བཙོག་རླུང་ནང་ སྡོད་དགོཔ་བྱུངམ་མས་ཟེར་ སློབ་གྲྭའི་དབུ་འཛིན་ ཚེ་དབང་རིག་འཛིན་གྱིས་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ན་ཧིང་ གནམ་དགུན་ལས་འགོ་བཙུགས་ ལམ་གྱི་གནས་སྟངས་སྐྱོ་དྲགས་སོང་མི་ལུ་བརྟེན་ ཐལཝ་གི་དཀའ་ངལ་དེ་ ཤུགས་ཆེ་སུ་སྦེ་ར་ ཐོན་ཡི་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཕུན་ཚོགས་གླིང་ཁྲོམ་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་རུང་ ལྗིད་བརྟག་ཟམ་དེ་ འཕྲལ་མགྱོགས་ར་ ས་གནས་གཞན་ཁར་སྤོ་ནི་ཨིནམ་ལས་ ནམ་སྤོ་ནི་ཨིན་ན་ གཏན་འཁེལ་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཐལཝ་ལུ་བརྟེན་ ཐད་ཀར་ཨ་ལུ་ཚུ་ ནདཔ་ཐོན་པའི་སྙན་ཞུ་ཚུ་མེད་རུང་ ཉེ་འདབས་ལས་ཐལཝ་ཤུགས་ཅན་སྦེ་ལོང་མི་དེ་ལུ་ ཚ་གྱང་གི་གཞི་གནད་ཅིག་དང་ ཧེ་མ་སྣུམ་འཁོར་ལམ་དེ་བདའ་སྟེ་ དཀའ་ངལ་ཚུ་མེད་རུང་ འཕྲལ་ཁམས་ལམ་གྱི་གནས་སྟངས་ སྐྱོ་དྲགས་སོང་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
སློབ་གྲྭའི་དབུ་འཛིན་གྱིས་འབད་བ་ཅིན་ ཟམ་དེ་ས་གནས་གཞན་ཁར་སྤོ་ནི་དེ་ ཡུན་རིང་གི་ལོ་རྒྱུས་ཅིག་ཨིནམ་ལས་ ལམ་དེ་ ལེགས་བཅོས་འབད་བ་ཅིན་ དཀའ་ངལ་བསལ་ཚུགས་ནི་མས་ཟེར་ཨིན་པས།
ཟམ་དེ་སྤོ་བཤུད་འབད་ནི་ལུ་བསྒུག་སྡོད་པ་ཅིན་ སློབ་ཕྲུག་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཚ་གྱང་སྦོམ་ ཡོད་ཟེར་ཨིནམ་ད་ ཨ་ལུའི་ཕམ་ཚུ་གིས་ཡང་ གནད་དོན་དེ་ལུ་ ཚ་གྱང་ཡོད་ལུགས་ཀྱི་ ལོ་རྒྱུས་ སླབ་མས་ཟེར་ཨིན་པས།
ཨ་ལུའི་ཕམ་ཅིག་གིས་སླབ་མིའི་ནང་ ཁོང་ཆ་ཁྱབ་ ཨ་རྟག་ར་ ཐལཝ་ནང་སྡོད་དོ་ཟེར་ཨིནམ་ད་ སློབ་གྲྭ་དང་ མཐའ་འཁོར་ཉམས་སྲུང་ལུ་ འཁོར་ལམ་ དེ་ལེགས་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།
སློབ་གྲྭའི་དབུ་འཛིན་གྱིས་ ལམ་གྱི་གནས་སྟངས་ལེགས་བཅོས་འབད་དགོཔ་སྦེ་ ཁྲོམ་སྡེ་ལས་འཛིན་ལུ་ ཞུ་བ་འབདཝ་ད་ འཁོར་ལམ་ལེགས་བཅོས་འབད་ནི་དེ་ འོང་འབབ་དང་ཅ་དམ་ཡིག་ཚང་གི་ འགན་ཁུར་ཨིནམ་སྦེ་སླབ་དོ་ཡོདཔ་ད་ འོང་འབབ་དང་ཅ་དམ་ཡིག་ཚང་གིས་འབད་བ་ཅིན་ ཁྲོམ་སྡེའི་འགན་འཁྲི་ཨིན་ཟེར་སླབ་སྟེ་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
ཁྲོམ་དཔོན་ ཚེ་བརྟན་རྡོ་རྗེ་གིས་འབད་བ་ཅིན་ ས་ཁོངས་དེ་འོང་འབབ་དང་ཅ་དམ་ཡིག་ཚང་གི་ཨིནམ་ལས་ ལམ་ལེགས་བཅོས་འབད་ནི་དེ་ཡང་ ཡིག་ཚང་དེ་ལུ་ར་ཕོག་ཟེར་ཨིན་པས།
འོང་འབབ་དང་ཅ་དམ་ཡིག་ཚང་གིས་འབད་བ་ཅིན་ ཁྲོམ་སྡེའི་ས་ཁོངས་དེ་ ཁྲོམ་སྡེ་ལས་འཛིན་གྱི་འོག་ལུ་ཨིནམ་ལས་ ལས་འཛིན་གྱིས་ར་ ལེགས་བཅོས་འབད་དགོཔ་ཨིན་ཟེར་ཨིན་པས།
སྤྱིར་བཏང་ ལྗིད་བརྟག་གི་ཟམ་ ལེགས་བཅོས་འབད་ནི་དེ་ ཡིག་ཚང་ལུ་ཕོགཔ་ཨིན་རུང་ ལམ་གྱི་གནས་སྟངས་ལེགས་བཅོས་འབད་ནི་དེ་ ཁྲོམ་སྡེ་ལས་འཛིན་ལུ་ར་ཕོག་ནི་ཨིནམ་མ་ཚད་ ཡིག་ཚང་ལུ་ ལམ་དེ་ཁར་ རྩི་གནག་གཏང་ནིའི་མ་དངུལ་མེད་ཟེར་ཨིན་པས།
དེ་དང་འདྲཝ་སྦེ་ ཐལཝ་གི་དཀའ་ངལ་དེ་ ཕུན་ཚོགས་གླིང་ འབྲིང་རིམ་སློབ་གྲྭ་གོང་མ་ལུ་ཡང་ཡོདཔ་ད་ སློབ་གྲྭ་དེ་ ཨ་མོ་ཆུའི་ ས་ཁོངས་ནང་འགྱོ་སའི་ལམ་ཁར་ འབད་ནི་དེ་གིས་ ལམ་བདའ་སྟེ་ རྩི་གནག་བཏང་བཏངམ་མེདཔ་མ་ཚད་ སྣུམ་འཁོར་ཆེ་བའི་རིགས་ལེ་ཤ་ཅིག་ འགྲོ་འགྲུལ་འབད་མི་ལུ་བརྟེན་ཨིན་པས།
སློབ་གྲྭའི་དབུ་འཛིན་འོགམ་ ཚེ་དབང་སྒྲོལ་མ་གིས་སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ཡིག་ཐོག་ལུ་ ཉོགས་བཤད་བཙུགས་ཡོདཔ་མ་ཚད་ ཁྲོམ་སྡེ་གིས་ སློབ་གྲྭའི་དུས་ཚོད་ཁར་ ཆུ་གཏོར་ནི་གི་ཐབས་ལམ་ཅིག་ བཏོན་དགོཔ་སྦེ་ཡང་ ཞུ་བ་འབད་རུང་ ཉིནམ་དག་པ་ཅིག་ ཆུ་གཏོར་ཞིནམ་ལས་ འཕྲོ་མཐུད་འབད་ནི་ མིན་འདུག་ཟེར་ཨིན་པས།
ཁྲོམ་དཔོན་གྱིས་འབད་བ་ཅིན་ ལམ་བདའ་སྟེ་ཆུ་གཏོར་ནི་ཡོདཔ་ཨིན་རུང་ རྩི་གནག་བཏང་ནི་དེ་ ད་ལྟོ་ ཨ་མོ་ཆུ་གི་ ས་ཁོངས་ལེགས་བཅོས་ལས་འགུལ་དེ་ དབྱེ་ཞིབ་འབད་བའི་བསྒང་ཡོདཔ་ལས་ འབད་ཐབས་མིན་འདུག་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment