གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡུས་སྒོ་བརྒྱུད་དེ་ བསྐུལ་བསྒྲགས་འབད་ནི་ འགོ་བཙུགས་ཡོདཔ།

༤/༤/༢༠༡༣   ༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་ཚུ་གི་དོན་ལུ་ བསྐུལ་བསྒྲགས་འབད་ནིའི་དུས་ཚོད་དེ་ གཞུང་འབྲེལ་ཐོག་ སྤྱི་ཟླ་༤ པའི་ཚེས་༡ ལས་༢༡ ཚུན་ཨིན་པའི་སྐོར་ལས་ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ རྩི་རང་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ད་རེས་ནངས་པ་ བསྐུལ་བསྒྲགས་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ནོ་བིན་ ད་ལ་མི་གིས་ བསྐུལ་བསྒྲགས་ཀྱི་སྐབས་ ཁྱིམ་༡ ནང་གི་མི་ཚུ་ལུ་ ཁོ་རའི་ངོ་བྱང་སྤྲོད་པའི་བསྒང་།


ཁྱིམ་རེ་རེ་བཞིན་དུ་ བཤལ་སོང་སྟེ་ མི་ཚུ་དང་ཕྱད་ འཕྲལ་འཕྲལ་ལམ་བདའ་སྟེ་ རྐང་སྟོང་འགྱོ་མི་ཚུ་ཡང་བཀག་སྟེ་ ངོ་སྤྲོད་འབད་བའི་ཁར་ ངོ་བྱང་ཚུ་སྤྲོད་ཞིནམ་ལས་ མི་སེར་གྱི་སྐྱིད་སྡུག་མཐོང་མི་ ལྕོགས་གྲུབ་ཅན་ གདམ་འཐུ་འབད་གནང་ཟེར་ སླབ་མི་དེ་ རྫོང་ཁག་ནང་ འདེམས་ངོ་༦ གི་གྲས་ལས་གཅིག་ ནོ་བིན་ དར་ལ་མི་དེ་ཨིན་པས།
གདམ་ངོ་ཚུ་གི་གྲས་ལས་ ཆུང་ཤོས་ཅིག་ཨིན་མི་ སྐྱེས་ལོ་༢༧ ལང་མི་དེ་གིས་ དུས་ཡུན་སྐར་མ་༥ དང་༡༠ གྱི་ འབྲེལ་འཐབ་ཀྱི་སྐབས་ མི་སེར་ཚུ་ལུ་ ལྕོགས་གྲུབ་ཅན་གྱི་ མི་ངོམ་གདམ་ཁ་རྐྱབ་ནིའི་དོན་ལུ་ གདམ་ངོ་ག་ར་གིས་ རྒེད་འོག་ཆ་མཉམ་ནང་ འགོ་འདྲེན་འཐབ་ནི་ཨིན་མི་ ཁས་བླངས་གསལ་བསྒྲགས་ནང་ བཅའ་མར་གཏོགས་གནང་ཟེར་ ཁ་ཙ་ མཚོ་གླིང་མཁར་རྒེད་འོག་ནང་ ཁྱིམ་གུང་༣༠ ལྷགཔ་ཅིག་ ལྟ་སྐོར་འབད་བའི་སྐབས་ སླབ་ཡོདཔ་ཨིན་པས།
ནོ་བིན་གྱིས་ བསྐུལ་བསྒྲགས་སྐབས་ རྫོང་ཁག་ནང་ ཁོ་རའི་ ཨ་པ་ཡང་ཁྱིད་དེ་ཡོདཔ་ད་ སྐྱེས་ལོ་༥༤ ལང་མི་ ཁོ་རའི་ཨ་པ་ བཱལ་བཱ་དཱུར་ དར་ལ་མི་དེ་ དབང་འདུས་ལུ་ ཚོང་རྐྱབ་ནི་ འགོ་མ་བཙུགས་པའི་ཧེ་མར་ ལོ་༡༧ གྱི་རིང་ གསོ་བའི་ལས་རོགསཔ་སྦེ་ སྡོད་པའི་སྐབས་ ལོ་༨ རྫོང་ཁག་འོག་གི་ མན་ཌལ་སྒང་དང་ དུང་ལ་སྒང་རྒེད་འོག་༢ ནང་སྡོད་ཡོདཔ་ལས་ མི་མང་ཤོས་ཅིག་གིས་ ངོ་ཤེས་དོ་ཡོདཔ་ཨིན་པས།
ནོ་བིན་གྱིས་ སླབ་མིའི་ནང་ ཁོ་དང་གཅིག་ཁར་ ཨ་པ་ཁྱིད་འགྱོ་མི་དེ་ཡང་ གཞོནམོ་ཚུ་ ས་གནས་སོ་སོ་ནང་ ཤེས་ཡོན་སྦྱང་པའི་ཁར་ ལཱ་འབད་དེ་སྡོད་མི་ལུ་བརྟེན་ གཡུས་སྒོ་ཚུ་ནང་སྡོད་མི་ཚུ་ མང་ཤོས་ར་ ཨ་པ་གི་ ལོ་ཚད་དང་འདྲ་བའི་ རྒས་ཤོས་ཚུ་འབད་ནི་དེ་གིས་ ཁོ་ར་ ངོ་མི་ཤེས་དོ་ཡོད་མི་ལུ་བརྟེན་ ཨ་པ་ཡོདཔ་ད་ འཇམ་ཏོང་ཏོ་སྦེ་ ངོ་སྤྲོད་འབད་ཚུགས་པས་ཟེར་ཨིན་པས།
དབང་འདུས་བ་འཇོ་ཁྲོམ་ཁར་ ཚོང་ཁང་སྦོམ་ཅིག་ཡོད་མི་ བཱལ་བྷ་དཱུར་གྱིས་ བཙག་འཐུ་མཇུག་མ་བསྡུ་ཚུན་ ཁོ་རའི་བུ་དང་ ཆ་རོགས་འབད་དེ་ སྡོད་ནི་སྦེ་ ཐག་བཅད་དེ་ཡོད་ཟེར་ཨིན་པས།
ནོ་བིན་གྱིས་ སླབ་མིའི་ནང་ ཁོ་གིས་ ད་ལྟོ་ཚུན་ རྫོང་ཁག་འོག་གི་ རྒེད་འོག་༡༢ ཡོད་ས་ལས་ ཁོ་ར་འཛོམས་འདུ་ནང་ལས་ ཆ་འཇོག་གྲུབ་པའི་ཤུལ་ལས་ ཁྱིམ་གུང་༥༠ རེ་ཡོད་མི་ རྒེད་འོག་༡༠ ནང་ བཤལ་སོང་སྟེ་ ཧ་ལམ་ ངོ་སྤྲོད་འབད་ཚར་ཡི་ཟེར་ཨིནམ་ད་ རྫོང་ཁག་འོག་གི་ ཐག་རིང་ཤོས་ཅིག་ཨིན་མི་ རྩི་རང་སྟོད་དང་ ཕུན་བརྟན་ཆུ་རྒེད་འོག་༢ ནང་ ཁས་བླངས་གསལ་བསྒྲགས་ མཇུག་བསྡུ་བའི་ཤུལ་ལས་ འགྱོ་ནིའི་འཆར་གཞི་ ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དུས་ཚོད་ལངམ་སྦེ་ཡོད་པ་ཅིན་ ཁྱིམ་གུང་ཆ་མཉམ་བཤལ་ཏེ་ མི་སེར་ཚུ་དང་ཁ་སླབ་ཐོག་ལས་ ཁོང་གི་ དཀའ་ངལ་ཚུ་གི་སྐོར་ལས་ ཧ་གོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ སླབ་མིའི་ནང་ ཁྱིམ་གུང་བརྒྱུད་དེ་ བཤལ་འགྱོ་རུང་ ཁྱིམ་གུང་མང་ཤོས་ཅིག་ནང་ མི་རྒས་ཤོས་རེ་གཉིས་དང་ ཁྱིམ་ལ་ལུ་ ལྡེ་མིག་རྐྱབ་སྟེ་ ཡོད་ནི་དེ་གིས་ མི་རེ་རེ་བཞིན་དུ་ འཕྱད་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།
རྩི་རང་རྫོང་ཁག་གི་ ཁས་བླངས་གསལ་བསྒྲགས་ཀྱི་ལས་རིམ་དེ་ ནངས་པ་ལས་ རང་འཐག་གླིང་རྒེད་འོག་དང་ དཀྱིལ་འཁོར་ཐང་རྒེད་འོག་༢ ནང་ལས་སྦེ་ འགོ་བཙུགས་ནི་ཨིནམ་བཞིན་དུ་ སྤྱི་ཟླ་༤ པའི་ཚེས་༡༦ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment