གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེ་ལས་འགུལ་ཚུ་གི་དོན་ལུ་ རྒྱ་གར་གཞུང་གིས་ རྒྱབ་སྐྱོར་འཕྲོ་མཐུད་འབད་ནི།

༤/༤/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ལུ་ མཉམ་འབྲེལ་ཞལ་འཛོམས་ ཐེངས་༡༡ པ་འཚོགས་མི་དང་འབྲེལ་ རྒྱ་གར་གཞུང་གིས་ ད་རེས་འབྲུག་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་དང་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ གློག་མེ་ལས་འགུལ་ཚུ་གི་དོན་ལུ་ གྲོགས་རམ་ཚུ་ འཕྲོ་མཐུད་དེ་ར་འབད་ནིའི་ ཁས་བླངས་འབད་ཡོདཔ་ཨིན་པས།
གློག་མེ་ལས་འགུལ་ཚུ་གི་དོན་ལུ་ རྒྱ་འབྲུག་༢ ཀྱི་ མཉམ་འབྲེལ་ཞལ་འཛོམས་ཐེངས་༡༡ པ་ འཚོགས་པའི་བསྒང་།


ཞལ་འཛོམས་ཀྱི་སྐབས་ རྒྱ་གར་གྱི་ དམིགས་བསལ་ཕྱི་འབྲེལ་དྲུང་ཆེན་ པི་ཨེསི་ ར་གཱབ་ཀྱིས་འབད་བ་ཅིན་ མ་གཞི་ དཔལ་འབྱོར་གྱི་ལས་སྣ་ཚུ་ནང་ མ་དངུལ་མ་ལང་པའི་ དཀའ་ངལ་ཚུ་ལུ་བརྟེན་ ཟད་འགྲོ་མར་ཕབ་འབད་ནིའི་ ཐབས་ལམ་ཚུ་བཏོན་དགོཔ་ ཐོནམ་ཨིན་རུང་ འབྲུག་ལུ་ གློག་མེ་ལས་འགུལ་ གཞི་བཙུགས་འབད་ནི་དེ་ རྒྱ་གར་གཞུང་གི་དོན་ལུ་ གཙོ་རིམ་ཅན་གྱི་ལས་སྣ་ཅིག་ ཨིན་ཟེར་ཨིན་པས།
ད་རེས་འཚོགས་མི་ མཉམ་འབྲེལ་ཞལ་འཛོམས་དེ་ རྒྱལ་ཁབ་ནང་ གློག་མེ་ལས་འགུལ་ཚུ་ མགྱོགས་དྲགས་སྦེ་ གཞི་བཙུགས་འབད་ནིའི་དོན་ལུ་ ཨ་རྟག་གི་ ལས་རིམ་ཅིག་ཨིན་པའི་ཁར་ གློག་མེ་ལས་འགུལ་ཚུ་ དལ་ཉམས་ཀྱི་ལཱ་མེན་པར་ རྒྱལ་ཁབ་༢ ཆ་རའི་དོན་ལུ་ དཔལ་འབྱོར་གོང་འཕེལ་དང་ ཡར་དྲག་གཏང་ནི་ལུ་ ཁག་ཆེ་བའི་ལས་སྣ་ཅིག་ཨིན་ཟེར་ དམིགས་བསལ་དྲུང་ཆེན་གྱིས་ སླབ་ཨིན་པས།
ཁོ་གིས་ སླབ་མི་དང་འཁྲིལཝ་ད་ འདས་པའི་ཟླཝ་ནང་ ད་རེས་འབྲུག་ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ གློག་མེ་ལས་འགུལ་༣ གྱི་དོན་ལུ་ མ་དངུལ་ས་ཡ་༧,༠༠༠ འཛིན་གྲོལ་འབད་ཡོདཔ་ད་ སྤྱི་ལོ་༢༠༢༠ ལུ་ འབྲུག་གིས་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ ཐོན་སྐྱེད་འབད་ནིའི་ དམིགས་དོན་འགྲུབ་ནི་ལུ་ ག་དེ་དྲག་དྲག་ རྩ་འགེངས་འོང་ཟེར་ཨིན་པས།
ཞལ་འཛོམས་ཀྱི་ཁྲི་འཛིན་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་འབད་བ་ཅིན་ རྒྱ་གར་གཞུང་གིས་ འབྲུག་པའི་གློག་མེ་ལས་འགུལ་ཚུ་ གོང་འཕེལ་གཏང་ནིའི་ནང་ གྲོགས་རམ་སྦོམ་འབད་ཡོདཔ་མ་ཚད་ ད་ལས་ཕར་འབད་རུང་ རྒྱབ་སྐྱོར་ཚུ་ འཕྲོ་མཐུད་དེ་ར་ འབད་འོང་མནོ་བའི་ རེ་བ་ཡོད་ཟེར་ ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ མཉམ་འབྲེལ་སྡེ་ཚན་དེ་ཡང་ འབྲུག་གིས་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ ཐོན་སྐྱེད་འབད་ནི་ཨིན་མི་དེ་ གང་མགྱོགས་འབད་ཚུགས་ནི་ལུ་དམིགས་ཏེ་ རྒྱ་འབྲུག་གཉིས་ཀྱིས་ གཞི་བཙུགས་འབད་ཡོདཔ་ད་ སྡེ་ཚན་དེ་ གཞི་བཙུགས་འབད་མི་ལས་ འགོ་བཟུང་སྟེ་ གློག་མེ་ལས་འགུལ་གྱི་འཆར་གཞི་ཚུ་ ལག་ལེན་འཐབ་ནི་དང་ ལཱ་ཚུ་མགྱོགས་དྲགས་སྦེ་འབད་ནི་ དེ་ལས་ དཀའ་ངལ་ཚུ་ཐོན་པའི་སྐབས་ལུ་ཡང་ ཐབས་ལམ་ཚུ་ ལེ་ཤ་ཅིག་ར་བཏོན་ཚུགས་ཏེ་ ཡོད་ཟེར་ཨིན་པས།
ཞལ་འཛོམས་ཀྱི་སྐབས་ བསྟན་རྒྱས་བློན་པོ་གིས་ བཅའ་མར་གཏོགས་མི་ཚུ་ལུ་ གསལ་བཤད་འབད་བའི་སྐབས་ སྤྱི་ལོ་༢༠༢༠ ལུ་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ ཐོན་སྐྱེད་འབད་ནིའི་དོན་ལུ་ གློག་མེ་ལས་འགུལ་༡༠ བཟོ་སྐྲུན་འབད་ནི་ཨིན་མི་ཚུ་གི་གྲས་ལས་ ད་ལྟོ་ ལས་འགུལ་༣ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་མ་ཚད་ གྲུབ་འབྲས་ཚུ་ཡང་ ལེགས་ཤོམ་སྦེ་ར་ ཐོན་བཞིན་དུ་ཡོད་ཟེར་ སླབ་ཨིན་པས།
ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གློག་མེ་ལས་འགུལ་༣ ཡོད་མི་ཚུ་ཡང་ སྤུ་ན་གཙང་ཆུ་༡ པ་དང་༢ པ་ དེ་ལས་ མང་སྡེ་ཆུ་ཚུ་ཨིནམ་ད་ ལས་འགུལ་དེ་ཚུའི་ནང་ འཛིན་སྐྱོང་སྡེ་ཚན་ ལེགས་ཤོམ་ཡོདཔ་པའི་གུ་ རྒྱ་གར་གྱི་ཁག་འབགཔ་ ལེགས་ཤོམ་ཚུ་ཡོདཔ་ལས་ དུས་ཚོད་ཁར་ འགྲུབ་ཚུགས་འོང་ཟེར་ སླབ་ཨིན་པས།
མཉམ་འབྲེལ་སྡེ་ཚན་དེ་གིས་ ད་རེས་ནངས་པ་ ལྷག་ལུས་ལས་འགུལ་༧ ཡོད་མི་ཚུ་ འཕྲལ་མགྱོགས་ར་ འགོ་བཙུགས་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ད་ ལས་འགུལ་དེ་ཚུ་ཡང་ སཱུན་ཀཱོཤི་དང་ ཀུ་རི་གོང་རི་ ལྕམ་མཁར་ཆུ་ ཝང་ཆུ་ ཨ་མོ་ཆུ་ ཁོ་ལོང་ཆུ་ དེ་ལས་ སྦུག་ན་ཁ་ཚུ་ཨིན་པས།
མཉམ་འབྲེལ་སྡེ་ཚན་གྱི་ ཁྲི་འཛིན་དེ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་ཨིནམ་ད་ དེ་ནང་ རྒྱལ་ཁབ་༢ ཆ་རའི་ཁ་ཐུག་ལས་ གཞུང་ཚབ་དང་ འགོ་དཔོན་ཚུ་ཡང་ ཡོདཔ་ཨིན་པས།
ཁ་ཙ་ ཞལ་འཛོམས་ནང་ སཱུན་ཀཱོཤི་དང་ ཨ་མོ་ཆུ་ དེ་ལས་ ཀུ་རི་གོང་རི་དང་ རྒྱལ་ཁབ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་མི་ ཁོ་ལོང་ཆུ་དང་ ལྕམ་མཁར་ཆུ་ ཝང་ཆུ་ དེ་ལས་ སྦུག་ན་ཁའི་ གློག་མེ་ལས་འགུལ་ཚུ་གི་དོན་ལུ་ གཞུང་༢ ཀྱི་བར་ན་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ནིའི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment