གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་སྲུང་འགག་པ་གིས་ བུམོ་ཅུང་ཅིག་ཐོབ་མིའི་ ཕམ་འཚོལ་དོ་ཡོདཔ།

༤/༤/༢༠༡༣   ༉ ཐིམ་ཕུའི་ཁྲིམས་སྲུང་འགག་པའི་ ཨམ་སྲུ་དང་ ཨ་ལུ་གཅེས་སྐྱོང་སྡེ་ཕྲན་གྱིས་ སྐྱེས་ལོ་༡༠ ལང་མི་ རྒྱ་གར་གྱི་ མི་ཁུངས་ཨིན་མི་ བུམོ་ཅུང་ཅིག་ ཕམ་ཚུ་ལུ་ རྩིས་སྤྲོད་འབད་ནིའི་དོན་ལུ་ ཨ་པ་དང་ ཨའི་འཚོལ་དོ་ཡོདཔ་ཨིན་པས།


ཁ་ཙ་ ཨམ་སྲུ་དང་ཨ་ལུ་གཅེས་སྐྱོང་སྡེ་ཕྲན་ནང་ བུམོ་ཅུང་གི་ ཨ་པ་ཨིན་ཟེར་སླབ་སྟེ་ ཨ་ལུ་དེ་ ལེན་པར་འོང་ཡོདཔ་ཨིན་རུང་ ཨ་ལུ་དེ་གིས་ ཁོ་དང་གཅིག་ཁར་ འགྱོ་མ་བཏུབ་མི་ལུ་བརྟེན་ ཨམ་སྲུ་དང་ ཨ་ལུ་གཅེས་སྐྱོང་སྡེ་ཕྲན་གྱི་ ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་ ཨམ་སྲུ་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ ཨ་ལུ་ མཐའ་སྐྱོང་ཁང་ནང་ ལོག་བཏང་ཡོདཔ་ཨིན་པས།
བུམོ་ཅུང་དེ་ ཐིམ་ཕུ་ སྤམ་ཚོ་ལུ་ བཤལ་སྡོད་སར་མཐོང་ཡོདཔ་བཞིན་དུ་ ས་གནས་ནང་ལས་ འགྱོ་མི་ཚུ་གིས་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ སྙན་ཞུ་འབད་བའི་ཤུལ་ལུ་ སྤྱི་ཟླ་༣ པའི་ཚེས་༣༠ ལུ་ ཁྲིམས་སྲུང་འགག་པ་གིས་ བདག་འཛིན་འཐབ་ཡོདཔ་ཨིན་པས།
བུམོ་ཅུང་དེ་ ཁྲིམས་སྲུང་འགག་པ་དང་གཅིག་ཁར་ ཞག་༡ བཞག་པའི་ཤུལ་ལས་ ནངས་པ་ ཨམ་སྲུ་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ནང་ བཏང་ཡོདཔ་ཨིན་པས།
བུམོ་ཅུང་དེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གི་ཕམ་གྱིས་ སྤམ་ཚོ་ལུ་ ལཱ་འབད་བར་བཏང་ཡོདཔ་ཨིན་རུང་  ཇོ་བདག་གིས་ མོ་ལུ་ ལེགས་ཤོམ་འབད་མ་བཏུབ་ལས་ ཁྱིམ་ནང་ལས་ཐོན་འོང་འོངམ་ཨིན་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ ཡིག་ཚང་གི་སྦོ་ལོགས་ཁར་ ཕོ་སྐྱེས་དང་ ཨམ་སྲུ་ དག་པ་ཅིག་སྡོད་སར་མཐོང་མི་ལུ་ ལྟ་ཞིནམ་ལས་ བུམོ་ཅུང་དེ་གིས་ ཨམ་སྲུ་དེ་ མོ་ལཱ་འབད་སྡོད་སའི་ ཇོ་བདག་ཨིན་པའི་ཁར་ ཕོ་སྐྱེས་དེ་ མོ་གི་ཨ་ཞང་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
བུམོ་ཅུང་དེ་གིས་འབད་བ་ཅིན་ མོ་ར་ ད་ལྟོ་ལཱ་འབད་སའི་ ཇོ་བདག་དང་གཅིག་ཁར་ མི་འགྱོ་ཟེར་ཨིནམ་མ་ཚད་ མོ་ལེན་པར་འོང་མི་ ཨ་ཞང་དང་གཅིག་ཁ་ཡང་ འགྱོ་མ་བཏུབ་ཨིན་པས།
ཕོ་སྐྱེས་དེ་གིས་འབད་བ་ཅིན་ བུམོ་གི་ཨ་པ་དེ་ ཁོ་ཨིན་ཟེར་ སླབ་དོ་ཡོདཔ་ལས་ ཁོ་ར་ གི་རིཕ་ནང་ ལཱ་འབད་མི་ཨིནམ་ད་ བུམོ་ཅུང་གི་ཨའི་དེ་ བསམ་རྩེ་ལུ་ ལཱ་འབད་སྡོདཔ་ཨིན་ཟེར་ སླབ་ཡོད་རུང་ བུམོ་གིས་འབད་བ་ཅིན་ མོ་གི་ཨའི་དེ་ ཐིམ་ཕུ་ རྟ་རྦབ་ལུ་ ལཱ་འབད་སྡོདཔ་ཨིན་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ ཁོང་གི་ བུམོ་ཅུང་དང་ མོ་གི་ཕམ་ཚུ་གི་སྐོར་ལས་ ཞིབ་དཔྱད་ཚུ་ ལེགས་ཤོམ་སྦེ་ འབད་ཞིནམ་ལས་རྐྱངམ་གཅིག་ རྩིས་སྤྲོད་འབད་ནི་ཟེར་ཨིན་པས།
ཨ་ལུ་དེ་ ཁྱིད་འོང་པའི་སྐབས་ ཕྱི་མི་ནང་སྐྱོད་ཀྱི་ ཁྲིམས་ལུགས་དང་འཁྲིལ་ཏེ་ ཡོད་མེད་ཚུ་ཡང་ དབྱེ་བ་ལེགས་ཤོམ་ཕྱེ་དགོཔ་འདུག་ཟེར་ཨིནམ་ད་ གནད་དོན་དེ་ རྫོང་ཁག་ཁྲིམས་འདུན་ལུ་གཏང་ནི་ཟེར་ ཨམ་སྲུ་དང་ཨ་ལུ་ གཅེས་སྐྱོང་སྡེ་ཕྲན་གྱི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment