གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱི་ལས་མི་༣ བྱང་སྟོར་ཤོར་མིའི་གྲས་ལས་༢ ལུ་ཤི་རྐྱེན།

༤/༤/༢༠༡༣   ༉ སྤྱི་ཟླ་༣ པའི་ཚེས་༡༡ ལུ་ བུམ་ཐང་ལས་ རྒྱ་གར་གྱི་ལས་མི་༣ བྱང་སྟོར་ཤོར་མིའི་གྲས་ལས་༢ ལུ་ ཤི་རྐྱེན་བྱུང་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་རུང་ ད་ལྟོ་ འཚོལ་མ་ཐོབ་མི་ སྐྱེས་ལོ་༢༤ ལང་མི་ ལས་མི་དེ་ འཚོལ་ནི་བཤོལ་བཞག་འབད་ཡོདཔ་ཨིན་པས།


དེ་ཚེ་ཉིན་མར་ བུམ་ཐང་ཨུ་ར་ལུ་ ལཱ་འབད་སའི་ས་ཁོངས་ཅིག་ནང་ལས་ རྒྱ་གར་གྱི་ལས་མི་༢༥ བྱོག་སོང་ཡོདཔ་ད་ དེ་ནང་ལས་ ལས་མི་༢༠ པོ་དེ་ བདུན་ཕྲག་༡ གི་ཤུལ་ལས་ བུམ་ཐང་ཆུ་སྨད་ གཞུ་རི་སྐེ་གཙོ་གཡུས་ཚན་ནང་ སྡོད་ནུག་ཟེར་ཨིན་པས།
ལས་མི་ཚུ་ ཐིམ་ཕུ་ལས་ བཀྲིས་སྒང་གི་ གཞུང་ལམ་ཁར་ ལཱ་འབད་མི་ཨིནམ་ད་ ལས་མི་ཚུ་གི་ ཁག་འབགཔ་དེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་བྱེདཔ་ཚུ་ བྱོག་སོང་པའི་སྐོར་ལས་ ལོ་རྒྱུས་གོཝ་ཅིག་ ཁོ་གིས་ མོང་སྒར་དང་ ཀྲོང་གསར་ཁ་ཐུག་ལུ་ ལས་མི་ཚུ་ འཚོལ་མི་བཙུགས་ཡི་ཟེར་ཨིན་པས།
དེ་འབདཝ་ད་ ལས་མི་ཚུ་ བུམ་ཐང་ཆུ་སྨད་ཀྱི་མཇུག་ལུ་ ལྷོད་ནུག་ཟེར་ གོ་ཞིནམ་ལས་ ཁོང་གིས་ བུམ་ཐང་ཆུ་སྨད་ལུ་ ལྟ་བར་སོང་ཡི་ཟེར་ སྐྱེས་ལོ་༥༤ ལང་མི་ ཁག་འབགཔ་དེ་གིས་ བཤདཔ་ཨིན་པས།
ཁག་འབགཔ་གིས་འབད་བ་ཅིན་ ཁོ་གིས་ འཚོལ་ཐོབ་མི་ ལས་མི་ཚུ་ལུ་ གཞན་མི་༥ ག་ཏེ་སོང་ཡི་ཟེར་ དྲི་ཞིབ་འབད་བའི་སྐབས་ ཁོང་༥ པོ་ཆ་ར་ ལམ་གཞན་ཅིག་བདའ་སྟེ་ ཡར་སོ་ཡི་ཟེར་ སླབ་མས་ཟེར་ཨིན་པས།
དེ་ལས་ ལས་མི་བདག་འཛིན་འཐབ་མི་༢ ཡོད་མི་དེ་གིས་ ལས་མི་གཞན་༥ པོ་དེ་ ཀྲོང་གསར་ལུ་ ལྷོད་ནུག་ཟེར་ ཁག་འབགཔ་དེ་ལུ་ སྙན་ཞུ་འབད་དེས་ཟེར་ཨིན་པས།
བདུན་ཕྲག་༡ གི་ཤུལ་ལས་ ལས་མི་༥ བྱང་སྟོར་ཤོར་ཡོད་མིའི་གྲས་ལས་༢ རྒྱ་གར་ ཨ་སམ་བོང་གའི་སྒང་ལུ་ ལྷོད་ནུག་ཟེར་ཨིནམ་ད་ ཨིན་རུང་ གཞན་མི་༣ གྱི་སྐོར་ལས་ སྙན་ཞུ་ག་ཅི་ཡང་ ཐོབ་མ་ཚུགསཔ་ལས་ ཁག་འབགཔ་དེ་གིས་ བུམ་ཐང་གི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ འཚོལ་ནི་འགོ་བཙུགས་ཡོདཔ་ཨིན་པས།
སྐྱེས་ལོ་༣༥ ལང་མི་ ལས་མི་ཅིག་གི་རོ་དེ་ གཞལམ་སྒང་ཁ་ཐུག་ལུ་ ལྕམ་མཁར་ཆུའི་ མཐའ་མ་ལས་ཐོབ་ཡོདཔ་ད་ སྐྱེས་ལོ་༢༠ ལང་མི་ ལས་མི་གཞན་མི་དེ་ ཆུ་ནང་ ཐིམ་ཡོདཔ་སྦེ་ བཤདཔ་ཨིན་པས།
ལས་གཡོག་ལྷན་ཁག་གི་ དགེ་ལེགས་ཕུག་ ལུང་ཕྱོགས་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་མི་དང་འཁྲིལཝ་ད་ ལས་མི་ཚུ་ ལཱ་འབད་སའི་ས་ཁོངས་ནང་ལས་ བདག་འཛིན་འཐབ་མི་ལུ་ ག་ཅི་ཡང་ མ་སླབ་པར་ བྱོག་སོང་ཡོདཔ་ལས་བརྟེན་ ཁག་འབགཔ་དེ་ལུ་ འཛོལ་བ་ག་ཅི་ཡང་ མིན་འདུག་ཟེར་ཨིན་པས།
ལུང་ཕྱོགས་ཡིག་ཚང་གིས་ ལྷན་ཁག་ལུ་ ཞིབ་དཔྱད་སྙན་ཞུ་ ཕུལ་མི་དང་འཁྲིལཝ་ད་ ཁག་འབགཔ་དེ་ལུ་ ཉེས་ཁྲིམས་བཀལ་ནི་དང་ ཚེ་འདས་ལས་མི་ཚུ་གི་བཟང་ཚང་ལུ་ རྒུད་འཐུས་སྤྲོད་དགོཔ་ཚུ་ ཚུད་དེ་མེད་མི་དེ་ཡང་ ལས་མི་དང་ ལས་གཡོག་གི་བཅའ་ཁྲིམས་༢༠༠༧ ཅན་མའི་ནང་ ལས་མི་བྱོག་འགྱོ་འགྱོཝ་དང་ དེ་དང་འབྲེལ་བའི་གནད་དོན་ བྱ་ངན་ཚུ་འབད་བ་ཅིན་ རྒུད་འཐུས་ཚུ་ སྤྲོད་དགོཔ་སྦེ་ ཚུད་དེ་མིན་འདུག་ཟེར་ཨིན་པས།
མ་གཞི་ རྒྱ་གར་གྱི་ བརྡ་བརྒྱུད་ནང་ ལས་མི་ཚུ་ ཁག་འབགཔ་གིས་ སྡུག་སྦྱོང་འབད་ཡོདཔ་སྦེ་ བཀོད་དེ་ཡོདཔ་ཨིན་རུང་ ལས་མི་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ སྡུག་སྦྱོང་བྱིན་ཡོད་པའི་ བདེན་རྟགས་ག་ཅི་ཡང་ མིན་འདུག་ཟེར་ཨིན་པས།
ཁག་འབགཔ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་གིས་ ལས་བྱེདཔ་ཚུ་ལུ་ སྡུག་སྦྱོང་བྱིན་ནི་མེན་པར་ ལས་བྱེདཔ་ཚུ་ ལཱ་མ་འབད་བར་ འགྱོ་ནི་སླབ་ད་ ཧེ་མ་ སྔོན་སྤྲོད་བྱིན་མི་ ཏི་རུ་ཚུ་ ལོག་སྤྲོད་དགོཔ་སྦེ་སླབ་ད་ བརྙས་བཅོས་འབད་ཡི་ཟེར་ཨིན་པས།
ཁག་འབགཔ་གིས་ ལས་མི་ཚུ་ལུ་ སྔོན་སྤྲོད་ཏི་རུ་དང་ གཞན་བཟའ་འཐུང་དང་ བཀབ་གོ་ཚུ་ ཉོ་བྱིན་མི་དེ་ རྩིས་རྐྱབ་ད་ དངུལ་ཀྲམ་༣༠༠,༠༠༠ དེ་ཅིག་ ཟད་འགྲོ་གནས་ནུག་ཟེར་ཨིན་པས།
ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ ལཱ་འབད་སའི་ས་ཁོངས་ནང་ འཐུང་ཆུ་ལེགས་ཤོམ་སྦེ་ བཀྲམ་སྤེལ་མ་འབད་བའི་དཀའ་ངལ་དང་ ས་གནས་ཀྱི་ གནམ་གཤིས་གནས་སྟངས་དང་འཁྲིལ་ཏེ་ དྲོད་ཡོད་མི་བཀབ་གོ་ལ་ཚུ་ བྱིན་བྱིནམ་མིན་འདུག་ཟེར་ཨིན་པས།
ཨིན་རུང་ ལས་བྱེདཔ་ཚུ་གིས་ ཁག་འབགཔ་ལུ་ ད་ལྟོ་ཚུན་ཚོད་ ཉོགས་བཤད་བཀོད་བཀོདཔ་མེད་ནི་དེ་གིས་ ཉེས་འཛུགས་འབད་ནི་དེ་ སྟབས་མི་བདེ་བས་ཟེར་ཨིན་པས།
ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ ལས་བྱེདཔ་ཚུ་ བྱོག་སོང་ནི་དེ་གིས་ ཁག་འབགཔ་དང་ བདག་འཛིན་འཐབ་མི་ལུ་ སྙན་ཞུ་མ་འབད་བར་ བྱོག་སོངམ་ལས་བརྟེན་ ལཱ་གཡོག་སྤྲོད་མི་ལུ་ ཉེས་འཛུགས་འབད་ནི་དེ་ སྟབས་མ་བདེཝ་མ་ཚད་ དེ་གི་སྐོར་ལས་ ལས་མི་དང་ལཱ་གཡོག་བཅའ་ཁྲིམས་ནང་ བཀོད་དེ་མིན་འདུག་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment