གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མི་རྐང་འཁོརཔ་ཅིག་གིས་ ཨེ་ཤི་ཡའི་གྱེན་འབབ་རྐང་འཁོར་རྒྱུག་འགྲན་ནང་ ཨང་༡༥ པ་ཐོན་ཡོདཔ།

༤/༤/༢༠༡༣   ༉ འབྲུག་པའི་ མའུན་ཊེན་བའེག་ཟེར་མི་ རྐང་འཁོར་སའི་ཀཱལ་བཏང་མི་དང་པ་ བསོད་ནམས་ཚེ་རིང་གིས་ སྤྱི་ཟླ་༣ པའི་ཚེས་༣༠ ལུ་ ནེ་པཱལ་གྱི་རྒྱལ་ས་ ཀཱཐ་མཱན་ཌུ་ལུ་ འགོ་འདྲེན་འཐབ་མི་ ཨེ་ཤི་ཡའི་ གྱེན་འབབ་རྐང་འཁོར་རྒྱུག་འགྲན་ནང་ བཅའ་མར་གཏོགས་ནུག།
བསོད་ནམས་ཚེ་རིང་གིས་ གྱེན་གུ་ལས་མར་ རྐང་འཁོར་བཏང་སྟེ་ འབབ་འོང་པའི་བསྒང་།


ཁོ་གིས་ དུས་ཡུན་སྐར་མ་༢ རེའི་རྒྱབ་ལས་ རྩེད་འགྲན་པ་རེ་བཏང་སྲོལ་ཡོད་པའི་ རྒྱུག་འགྲན་ནང་ ཨང་༡༦ པ་ཐོན་ཡོདཔ་ད་ མཐའ་བཅད་འགྲན་བསྡུར་ནང་ ཨང་༡༥ པ་ ཐོན་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་ར་ ཀཱཐ་མཱན་ཌུ་ལུ་ལྷོད་པའི་ཤུལ་ལུ་ སྦྱང་བ་འབད་ཡོདཔ་བཞིན་དུ་ ན་འཐན་ར་ འགྲན་བསྡུར་རན་ནི་འབདཝ་ད་ ཁོ་གི་རྐང་འཁོར་དེ་ མེདཔ་ཤོར་ཡོདཔ་ལས་ ལཱ་ཁག་རྐྱབ་ཅི་ཟེར་ཨིན་པས།
ཁོ་གི་ རྐང་འཁོར་དེ་ ཨེ་མི་རི་ཀ་ལུ་ དམིགས་བསལ་ཐོག་ལས་ བཟོ་བཟོཝ་ཅིག་འབད་ནི་དེ་གིས་ ནེ་པཱལ་དང་ རྒྱལ་ཁབ་གཞན་ཁར་ བཅོ་ཁ་རྐྱབ་ཤེས་མི་ མིན་འདུག་ཟེར་ཨིན་པས།
ཁོ་གི་རྐང་འཁོར་ མེདཔ་ཤོར་མི་དེ་ཡང་ རྒྱུག་འགྲན་འབད་སའི་ལམ་ཁར་ མཆོངས་དགོཔ་ཚུ་ ཡོད་མི་ལུ་བརྟེན་ཏེ་ཨིནམ་ད་ གལ་སྲིད་མ་མཆོངས་པ་ཅིན་ ཤུས་ཚད་མར་ཕབ་ཐོག་ལས་ ཟུར་འགྱོ་དགོ་ནི་ཨིནམ་ལས་ དུས་ཚོད་ལེ་ཤ་ འགོར་འོང་ཟེར་ཨིན་པས།
དེ་དང་འཁྲིལ་ ས་གནས་ནང་ གླ་ཁར་ལེན་ནིའི་དོན་ལུ་ཡང་ རྐང་འཁོར་ཚུ་མེདཔ་ལས་ ཁོ་གིས་ ཁོ་རའི་ཕམ་ཚུ་དང་ འབྲེལ་བ་འཐབ་སྟེ་ རྐང་འཁོར་གསརཔ་ཅིག་ འབྲུག་གི་གནམ་གྲུ་ནང་སྦེ་ བསྐྱལ་བཅུག་ཡོདཔ་ད་ རྐང་འཁོར་དེ་ འགྲན་བསྡུར་གྱི་དོན་ལུ་ དུས་ཚོད་ཁར་ ཐོབ་ཚུགས་ནི་དེ་གིས་ དྲག་ཅི་ཟེར་ཨིན་པས།
དེ་འབདཝ་ད་ རྐང་འཁོར་གསརཔ་དེ་ ཧེ་མ་ ཁོ་ར་གིས་ ལག་ལེན་འཐབ་མི་དང་ མ་འདྲ་ནི་དེ་གིས་ ལག་ལེན་འཐབ་ནིའི་ནང་ ལཱ་ཁག་རྐྱབ་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་ཡང་ དེ་བཟུམ་མའི་ འགྲན་བསྡུར་ཚུ་ནང་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ དེ་ནང་ མཐོ་ཚད་ཕུཊ་༦ དང་༧ དེ་རེ་ གནམ་ཁར་མཆོངས་དགོཔ་ལས་ ལཱ་ཁག་འདུག་ཟེར་ཨིན་པས།
བསོད་ནམས་ཀྱིས་ འགྲན་བསྡུར་དེ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ གནམ་གྲུའི་གླ་ཆ་དང་ འཛུལ་ཞུགས་ཀྱི་འཐུས་ དེ་ལས་ གྱོན་ཆས་ཚུ་ འབྲུག་ཨོ་ལིམ་པིག་ཚོགས་སྡེ་གིས་ བྱིན་ཡོདཔ་ཨིན་པས།
བསོད་ནམས་ཀྱིས་ སྤྱི་ལོ་༢༠༡༡ ལུ་ བུམ་ཐང་ལས་ ཐིམ་ཕུ་ཚུན་གྱི་ རྐང་འཁོར་འགྲན་བསྡུར་ནང་ ཨང་དང་པ་ཐོན་ཡོདཔ་ད་ རྒྱལ་ཁབ་གཞན་ཁར་ འགོ་འདྲེན་འཐབ་མི་ འགྲན་བསྡུར་ལེ་ཤ་ཅིག་ནང་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment