གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྱིམ་ཐོག་གཅིགམ་མེ་གིས་འཚིགས་མི་དེ་ ཨར་རྐུན་ལུ་བརྟེན་ཨིན་པའི་དོགས་པ།

༤/༤/༢༠༡༣   གླ་ཁར་སྡོད་མི་བཟའ་ཚང་༤ གིས་ རྒྱུ་དངོས་ག་ཅི་ཡང་ ཐོབ་མ་ཚུགས་པས།
 ༉ སྤྱི་ཟླ་༤ པའི་ཚེས་༢ ཀྱི་ ནུབ་ཕྱེད་དེ་ཅིག་ཁར་ གླ་ཁར་སྡོད་མི་ བཟའ་ཚང་༤ གི་མི་ཚུ་ ཁྱིམ་ནང་དུ་པ་གང་མི་གིས་ གཉིད་ཚོར་བའི་བསྒང་ལས་ ཁོང་གི་ ཁྱིམ་ཐོག་གཅིགམ་ལུ་ མེ་འབར་ཏེ་ཡོདཔ་མཐོང་ནུག།
དེ་ཡང་ དགེ་ལེགས་ཕུག་ལས་ སྣུམ་འཁོར་ནང་འགྱོཝ་ད་ དུས་ཡུན་སྐར་མ་༡༥ དེ་ཅིག་ནང་ལྷོད་མི་ དཔལ་རི་ཐང་འབྲིང་རིམ་སློབ་གྲྭ་འོག་མའི་ སྦོ་ལོགས་ཁར་ ཁང་ཚན་༥ འབད་མི་ ཁྱིམ་ཐོག་གཅིགམ་ལུ་ མེ་རྐྱེན་བྱུང་སྟེ་ ཐལ་བར་བརླགས་བཏང་ཡོདཔ་ལས་ ཁྱིམ་ནང་སྡོད་མི་ བཟའ་ཚང་ཚུ་གིས་ ཅ་ཆས་ག་ཅི་ཡང་ ཐོབ་མ་ཚུགས་པས།



ཉམས་རྒུད་པ་ཚུ་གི་གྲས་ལས་ དཔལ་རི་ཐང་སློབ་གྲྭའི་ བརྡ་དོན་འཕྲུལ་རིག་སློབ་དཔོན་ བཱལ་བྷ་དུར་ གུ་རུང་གིས་ སླབ་མིའི་ནང་ མེ་རྐྱེན་བྱུངམ་ད་ར་ ཁོང་ཆ་ཁྱབ་ གཉིད་ཚོར་ཡོད་རུང་ ཁོང་གི་སྒོ་ངོ་མའི་ ཕྱི་ཁ་ལས་ རྣལ་ལྕགས་རྐྱབ་ཡོད་མི་ལུ་བརྟེན་ ཕྱི་ཁ་ཐོན་མ་ཚུགས་པར་ ཁང་མིག་༤ གི་ གླ་ཁར་སྡོད་མི་ཚུ་ དུ་པའི་ནང་ དུས་ཡུན་ཆུ་ཚོད་ཕྱེད་ཀ་དེ་ཅིག་ ལུས་སོ་ཡི་ཟེར་ཨིན་པས།
ཨིན་རུང་ གླ་ཁར་སྡོད་མི་ གཞན་ཅིག་གིས་ ཁོ་རའི་ ཁང་མིག་གི་ནང་ན་ལས་ སྒོ་བཅག་དཀྲུམས་འབད་ཚུགས་ཏེ་ སྡོད་ཁྱིམ་པ་གཞན་༣ གྱི་ སྒོ་ཕྱེ་མི་ལུ་བརྟེན་ ག་ལུ་ཡང་ གནོད་སྐྱོན་མ་བྱུང་ཟེར་ བཱལ་བྷ་དུར་གུ་རུང་གིས་ སླབ་ཨིན་པས།
དེ་འབདཝ་ད་ ཁོང་ར་གི་ གཟུགས་ཁར་གྱོན་མི་མ་གཏོགས་ རྒྱུ་དངོས་གཞན་ག་ཅི་ཡང་ མ་ཐོབ་ཟེར་ ཁོ་གིས་ སླབ་ཨིན་པས།
ཁྱིམ་དེ་ནང་སྡོད་མི་༢ དཔལ་རི་ཐང་སློབ་གྲྭའི་སློབ་དཔོན་དང་༡ སློབ་གྲྭའི་འགྲུལ་འཁོར་བཱསི་གི་དེད་གཡོགཔ་ཨིན་པའི་ཁར་ གླ་ཁར་སྡོད་མི་༤ པ་དེ་ཡང་ དེད་གཡོགཔ་ཅིག་ཨིན་པས།
མེ་གིས་འཚིགས་མི་ ཁྱིམ་ཐོག་གཅིགམ་ནང་ ཁང་ཚན་༥ ཡོད་མི་ལས་༡ བཟའ་ཆས་ཚོང་ཁང་ཆུང་ཀུ་ཅིག་ཡོདཔ་ཨིན་པས།
ཁ་ཙ་དྲོ་པའི་ཆུ་ཚོད་༡.༡༠ ལུ་ མེ་རྐྱེན་བྱུང་སའི་ ས་ཁོངས་ནང་ལྷོད་མི་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ སླབ་མི་དང་འཁྲིལཝ་ད་ མི་བཀྲ་མ་ཤིསཔ་ཚུ་གིས་ བཟའ་ཆས་ཚོང་ཁང་དེ་ནང་ ཨར་རྐུན་འབད་བར་ སོང་པའི་ཤུལ་ལུ་ གློ་བུར་དུ་ མེ་རྐྱེན་བྱུང་ཡོདཔ་བཟུམ་འདུག་ཟེར་ཨིན་པས།
ཨརཝ་ཚུ་གིས་ ཁང་གླར་སྡོད་མི་ཚུ་གིས་ ཁོང་ཆ་ཁྱབ་ བཟུང་མ་ཚུགསཔ་བཟོ་ནོའི་དོན་ལུ་ ཚོང་ཁང་ནང་ མ་འཛུལ་བའི་ཧེ་མར་ སྡོད་ཁྱིམ་པ་ཚུ་གི་ སྒོ་༤ ཆ་ར་ ཕྱི་ཁ་ལས་ རྣལ་ལྕགས་རྐྱབ་བཞག་ཡོདཔ་ད་ ཨརཝ་ཚུ་ ཚོང་ཁང་ནང་འཛུལཝ་ད་ གློག་མེ་མ་བཏུགས་པར་ སྤྱི་རྩི་པེམ་འབར་ཅིག་ བཏེགས་མི་དེ་ མ་བསད་པར་ བཞག་མི་ལས་ མེ་རྐྱེད་བྱུང་ཡོད་པའི་ དོགས་པ་ཡོད་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
མེ་རྐྱེན་ལུ་བརྟེན་ སྡོད་གནས་མེདཔ་བཟོ་མི་ ཉམས་རྒུད་པ་༢ དཔལ་རི་ཐང་སློབ་གྲྭའི་ སློབ་ཁང་༡ ནང་ སྡོད་དོ་ཡོདཔ་ད་ གཞན་༢ པོ་དེ་ ཉེ་འདབས་ལུ་ཡོད་མི་ ཁོང་རའི་ ཉེ་ཚན་ཚུ་དང་གཅིག་ཁར་ སྡོདཔ་ཨིན་པས།
མེ་རྐྱེན་གྱི་ ཉམས་རྒུད་པ་ཚུ་ལུ་ གསར་སྤང་སྐྱིད་སྡུག་ཡིག་ཚང་གིས་ རྒུད་གསོ་མ་དངུལ་ དངུལ་ཀྲམ་༡༥,༠༠༠ རེ་ སྤྲོད་ཡོདཔ་མ་ཚད་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་སྡེ་ཚན་གྱིས་ ཐབ་ཆས་དང་ ཀ་ལ་རྫམ་ མལ་ཆ་ཚུ་ མཁོ་སྤྲོད་འབད་ཡོདཔ་ཨིན་པས།
ད་རུང་ ཁྱིམ་གྱི་ཇོ་བདག་ དུར་ག་པར་སཱད་ དི་མཱལ་ལུ་ཡང་ རྒུད་གསོ་སྦེ་ དངུལ་ཀྲམ་༡༠,༠༠༠ སྤྲོད་ཡོདཔ་ཨིན་པས།
དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ མེ་རྐྱེན་དེ་ལུ་ ཞིབ་དཔྱད་འཕྲོ་མཐུད་དེ་ འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment