གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་སྲིད་བློན་པོ་དང་ ཚོགས་ཆུང་གི་ འཐུས་མི་ཚུ་གི་ རྩོད་གཞི་གཅིག་ཁར་ཕྱེ་ནི།

༣/༤/༢༠༡༣    མཐོ་གཏུགས་པ་ཚུ་གི་ མཐོ་གཏུགས་བཤེར་ཡིག་ ད་རིས་ཕུལ་ནི་ཨིན་རུང་ ཚོགས་དཔོན་གྱིས་ སྤྱི་ཟླ་༤ པའི་ཚེས་༨ ལུ་ཕུལ་ནི།
༉ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་དང་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་༡༣ གྱི་ རྒྱབ་མི་གིས་ ད་རིས་དྲོ་པར་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཀྱི་ བཤེར་ཡིག་ཕུལ་ནི་ཨིནམ་ད་ བཤེར་ཡིག་ནང་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ག་ཅི་སྦེ་ ཁེ་རྒུད་མ་བཏུབ་ཨིན་ནའི་སྐོར་ གསལ་བཀོད་འབད་ནི་ཨིན་པས།

 
སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ རྒྱལ་པོའི་ཞིང་ཁྲོམ་ས་བགོ་བཀྲམ་འབད་མི་ ཚོགས་ཆུང་གི་ འཐུས་མི་ཚུ་ ཁུངས་གསལ་སྙན་གསན་གྱི་དོན་ལུ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ འགྱོ་བའི་བསྒང་།


ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱིས་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་མི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་དང་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་ དེ་ལས་ སྤྱི་ལོ་༢༠༠༥ དང་༢༠༠༦ གི་ ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་༡༣ གྱི་ ཁུངས་གསལ་སྙན་གསན་མཛད་པའི་སྐབས་ རྒྱབ་མི་ འཇམ་དབྱངས་ཤེས་རབ་དབང་འདུས་ཀྱིས་ རྩོད་ཟླ་ཚུ་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་མིའི་ གནད་དོན་གཙོ་བོ་ར་ མོང་སྒར་གྱི་ དྲང་དཔོན་གྱིས་ འབྲུག་གི་ཁྲོམ་སྡེའི་བཅའ་ཁྲིམས་༡༩༩༩ ཅན་མ་ལུ་ ངོས་ལེན་མཛད་མ་བཏུབ་ཟེར་ཞུ་ཡི།
ཁུངས་གསལ་སྙན་གསན་དེ་ཡང་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲིའི་ནང་ ཁྲིམས་སྤྱི་ལས་ཚབ་ སངས་རྒྱས་མཁའ་འགྲོ་དང་ དྲང་དཔོན་ལུང་བསྟན་གྲུབ་འགྱུར་ དྲང་དཔོན་ནོར་བུ་ཚེ་རིང་ དྲང་དཔོན་ཚེ་རིང་རྣམ་རྒྱལ་༤ གིས་ མཛད་ཡོདཔ་ད་ དེ་བསྒང་ ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་བགྲེསཔ་༡༡ དང་ ཆེ་མཐོ་ཁྲིམས་འདུན་གྱི་ རྩོད་དྲུང་༡༣ གྱིས་ བཅའ་མར་གཏོགས་ཅི།
ཚོགས་ཆུང་གི་འཐུས་མི་༡༣ གྱི་ རྒྱབ་མི་ཡང་ཨིན་མི་ འཇམ་དབྱངས་ཤེས་རབ་དབང་འདུས་ཀྱིས་ ཁུངས་གསལ་ཞུ་མིའ་ིནང་ ཁྲོམ་སྡེའི་བཅའ་ཁྲིམས་དང་ སྤྱི་ལོ་༡༩༩༧ གྱི་ལས་ཁྲིམས་དང་ འཁྲིལ་བ་ཅིན་ ཁྲོམ་དཔོན་མེད་ས་ལུ་ ཁྲོམ་ས་སྤྲོད་ནི་གི་དབང་ཚད་ རྫོང་བདག་དང་ རྫོང་ཁག་འགོ་དཔོན་ཚུ་ལུ་ཡོདཔ་ལས་ ཁྲོམ་སྡེ་ཚོགས་ཆུང་གིས་ ཁྲིམས་ཀྱི་དགོངས་དོན་ཚུ་དང་འཁྲིལ་ ས་ཆ་བགོ་བཀྲམ་འབད་ནུག་ཟེར་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༣ པའི་ཚེས་༨ ལུ་ འཁྲུན་ཆོད་བཏོན་པའི་སྐབས་ ནང་སྲིད་བློན་པོ་དང་ ཚོགས་ཆུང་གི་འཐུས་མི་༡༣ ལུ་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་འཛུགས་ལུ་བརྟེན་ ཁྲིམས་འཐུས་བཏབ་ཆོག་པའི་ བཙོན་ཁྲིམས་ལོ་རེ་ བཀལ་ཡོདཔ་ཨིན།
ནང་སྲིད་བློན་པོ་དེ་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ མོང་སྒར་རྫོང་བདག་སྦེ་ སྡོད་པའི་སྐབས་ལུ་ ཁྲོམ་སྡེ་ཚོགས་ཆུང་གི་ ཁྲི་འཛིན་ཡང་ཨིནམ་ལས་ ཁྲི་འཛིན་དང་ འཐུས་མི་ཚུ་གིས་ གཞུང་གིས་བཀོད་དེ་ཡོད་པའི་ ཚད་གཞི་དང་ ལམ་ལུགས་ཚུ་དང་མ་འཁྲིལ་བར་ གྲྭ་ཚང་༢ དང་ མི་ངོ་༣ ལུ་ ས་ཚན་༥ བགོ་སྤྲོད་འབད་མི་ལུ་བརྟེན་ ཉེས་ཕྲའི་བཙོན་ཁྲིམས་ལོ་རེ་ ཕོག་ཡོདཔ་ཨིན་པས།
ཐོག་མའི་འཁྲུན་ཆོད་དང་འཁྲིལ་བ་ཅིན་ ཁྲོམ་སྡེ་ཚོགས་ཆུང་གིས་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་འབད་ནི་དེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་གནང་མི་ བཀའ་ཤོག་དང་ འགལ་ཡོདཔ་མ་ཚད་ སྤྱི་ལོ་༡༩༩༡ ལུ་ ཞབས་ཏོག་ལྷན་ཁག་དང་ རྫོང་སྡེ་སྤྱི་ཁྱབ་ཀྱིས་གནང་མི་ གཞུང་གི་ཚད་གཞི་དང་ ལམ་ལུགས་ཚུ་དང་ མ་འཁྲིལ་བས་ཟེར་ཨིན་པས།
དེ་འབདཝ་ད་ ཚོགས་ཆུང་གིས་ ཚུལ་མིན་ཐོག་ལས་ ས་ཚན་༥ སྤྲོད་ཡོད་རུང་ ཁོང་ལུ་ ཁེ་ཕན་ལྟག་སྤྲོད་མེད་པའི་ཁར་ ས་ཆའི་རྒྱ་ཚད་ཀྱི་ཐད་ལས་འབད་རུང་ ག་ར་གཅིག་མཚུངས་སྦེ་ སྤྲོད་ནུག་ཟེར་ འཁྲུན་ཆོད་ནང་ གསལ་བཀོད་འབད་མི་དང་ ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ ཉེས་ཁྲིམས་བཀལ་མི་དེ་ རྒྱབ་འགལ་ཨིན་པས་ཟེར་ རྒྱབ་མི་གིས་ བཤདཔ་ཨིན་པས།
རྒྱབ་མི་འཇམ་དབྱངས་ཤེས་རབ་དབང་འདུས་ཀྱིས་འབད་བ་ཅིན་ ཉེས་རྩོད་ཀྱི་ ཉེས་པ་སྨིན་དགོ་པ་ཅིན་ མི་དེ་གིས་ མནོ་ཞིང་བསམ་ཞིང་ རང་ལུ་ཁེ་ཕན་ཡོད་པའི་ ཁྲིམས་འགལ་གྱི་ལཱ་ཅིག་ འབད་དགོཔ་ཨིན་རུང་ ཚོགས་ཆུང་གིས་ ཁྲོམ་སྡེའི་བཅའ་ཁྲིམས་༡༩༩༩ ཅན་མའི་ དགོངས་དོན་ཚུ་དང་འཁྲིལ་ ས་ཆ་སྤྲོད་ཡོདཔ་ལས་ ཉེས་པ་འཁྲི་དགོཔ་མིན་འདུག་ཟེར་ སླབ་ཨིན་པས།
ཁུངས་གསལ་སྙན་གསན་སྐབས་ རྒྱབ་མི་གིས་ རྒྱལ་པོའི་ཞིང་གི་ མཐོ་གཏུགས་རྩོད་གཞི་དེ་ ག་དེ་མགྱོགས་མགྱོགས་སྦེ་ ཕྱེ་གནང་དགོཔ་སྦེ་ ཞུ་བའི་ལན་ལུ་ ཁྲིམས་སྤྱི་ལས་ཚབ་ སངས་རྒྱས་མཁའ་འགྲོ་གིས་ ཆེ་མཐོ་ཁྲིམས་འདུན་གྱི་ ཁ་ཐུག་ལས་འབད་རུང་ འཕྲལ་མགྱོགས་སྦེ་ རྩོད་གཞི་ཕྱེ་ནི་ཨིན་རུང་ མཐོ་གཏུགས་པ་ཚུ་གི་ གསལ་ཞུ་དང་འཁྲིལ་དགོ་ཟེར་ དོགས་སེལ་འབད་ཡི།
ཁྱེད་ཆ་ཁྱབ་ལུ་ཞུ་ནི་ མངམ་ཡོད་པ་ཅིན་ རྩོད་བཤེར་དེ་ རང་བཞིན་གྱིས་ར་ ཡུན་འགྱངས་ལུས་འོང་ཟེར་ དྲང་དཔོན་སངས་རྒྱས་མཁའ་འགྲོ་གིས་ བཤདཔ་ཨིན་རུང་ ཆེ་མཐོ་ཁྲིམས་འདུན་གྱི་ འགན་ཁུར་དེ་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསྐྱར་ཞིབ་འབད་ནི་རྐྱངམ་གཅིག་ཨིནམ་ལས་ རྫོང་ཁག་ཁྲིམས་འདུན་ལུ་ གསལ་ཞུ་མ་འབད་བའི་ སྒྲུབ་བྱེད་གསརཔ་དང་ གནད་དོན་ཚུ་ ཞུ་མི་ཆོག་ཟེར་ དྲན་གསོ་འབད་ཡི།
ཁྲིམས་སྤྱི་ལས་ཚབ་ཀྱིས་ ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ ཀྱི་ རྩོད་གཞི་དེ་ ལོགས་སུ་སྦེ་ ཕྱེ་ནི་ཨིན་རུང་ ནང་སྲིད་བློན་པོ་དང་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་ཚུ་གི་ རྩོད་གཞི་དེ་ གཅིག་ཁར་ཕྱེ་ནི་སྦེ་ གསལ་བཤད་འབད་ཡི།
ཚོགས་དཔོན་གྱི་ ངོ་ཚབ་ལུ་ རྒྱབ་མི་ཆོས་གྲགས་ཀྱིས་ ཁྲིམས་གཏུགས་འབད་ནི་ཨིནམ་ད་ ཁོ་གིས་ ཁུངས་གསལ་སྙན་གསན་ནང་ ཚོགས་དཔོན་གྱིས་ རྫོང་ཁག་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ ཁེ་རྒུད་མ་བཏུབ་པའི་ གནད་དོན་ལེ་ཤ་འདུག་ཟེར་ཞུ་ཡི།
ཚོགས་དཔོན་དེ་ མོང་སྒར་རྫོང་བདག་སྦེ་ བཞུགས་པའི་སྐབས་ལུ་ ས་ཆ་བགོ་བཀྲམ་འབད་བའི་སྐབས་ བཀའ་ཤོག་༤ དང་ བཅའ་ཁྲིམས་༣ ཡོད་མི་ཚུ་ལུ་ལྟཝ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ དབང་ཚད་མེད་པའི་ཁར་ ཉེས་འཛུགས་འབད་མི་ཚུ་ཡང་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་ བཅའ་ཁྲིམས་ཚུ་ལས་ འགལ་ནུག་ཟེར་ ཚོགས་དཔོན་གྱི་ རྒྱབ་མི་གིས་ཞུ་ཡི།
ཨིན་རུང་ ཁེ་རྒུད་མ་བཏུབ་པའི་སྐོར་ མཐོ་གཏུགས་ཀྱི་ བཤེར་ཡིག་དེ་ སྤྱི་ཟླ་༤ པའི་ཚེས་༨ ལུ་ ཕུལ་ནི་སྦེ་ ཞུ་བ་ཕུལ་མི་ལུ་ ཆེ་མཐོ་ཁྲིམས་འདུན་ལས་ཡང་ གནང་བ་གྲུབ་ཅི།
རྒྱབ་མི་ཆོས་གྲགས་ཀྱིས་འབད་བ་ཅིན་ ཚོགས་དཔོན་གྱིས་ ས་ཚན་༩༤ སྤྲོད་མི་ཚུ་ག་ར་ བྱ་སྒོའི་ལམ་ལུགས་དང་འཁྲིལ་ བརྡ་བརྒྱུད་ནང་ གསལ་བསྒྲགས་འབད་ཐོག་ལས་ སྤྲོད་ཡོད་རུང་ མི་ངོ་༢༣ རྐྱངམ་གཅིག་གི་ ཉེས་འཛུགས་འབད་མི་དེ་ བཤེར་དཔྱད་འབད་དགོཔ་འདུག་ཟེར་ཨིན་པས།
ཐོག་མའི་ཁྲིམས་འདུན་གྱིས་ ཚོགས་དཔོན་ལུ་ ཉེས་འཛུགས་ཁག་༢༣ གྱི་བཙོན་ཁྲིམས་ ལོ་༢ དང་ཟླཝ་༦ བཀལ་ཡོད་མི་དེ་ཡང་ སྤྱི་ལོ་༡༩༩༨-༢༠༠༢ ལུ་ མོང་སྒར་རྫོང་བདག་དང་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་ ཁྲི་འཛིན་སྦེ་ བཞུགས་པའི་སྐབས་ལུ་ ཁོ་རའི་གཡོགམོ་རྩིས་ཏེ་ མི་གྲངས་༢༣ ལུ་ ཚུལ་མིན་ཐོག་ལས་ ས་ཆ་བགོ་བཀྲམ་ཐོག་ བདག་དབང་གི་ ཆ་འཇོག་ལག་ཁྱེར་ སྤྲོད་མི་ལུ་བརྟེན་ཨིན་པས།
ཚོགས་དཔོན་གྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་སྤྲོདཔ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༡༩༨༧ ཟླཝ་༣ པའི་ཚེས་༣༡ ལུ་ ས་ཆའི་ཁྱད་ཚད་དང་ ལམ་སྟོན་གནང་མི་ བཀའ་རྒྱ་དེ་ སྣང་མེད་རྒྱབ་སྐྱུར་བཞག་ཡོད་པའི་ཁར་ ཞབས་ཏོག་ལྷན་ཁག་གིས་ གཞུང་ལས་གནང་བ་མ་གནང་ཚུན་ རྫོང་ཁག་ནང་ ས་སྤྲོད་ནི་དང་ ཐོ་བཀོད་འབད་ནི་ཚུ་ག་ར་ ཕར་ཕུད་རྐྱབ་བཞག་དགོ་པའི་ ཁྱབ་བསྒྲགས་ལུ་ཡང་ མ་གནས་པས་ཟེར་ ཤོག་གྲངས་༥༡༡ འབད་མི་ རྫོང་ཁག་གི་ འཁྲུན་ཆོད་ནང་ བཀོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment