གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་རྒྱལ་ཡོངས་ཚོགས་སྡེའི་བསྐུལ་བསྒྲགས་ ཁེངས་གཡུས་ཚན་ནང་ལྷོད་ཡོདཔ།

༨/༤/༢༠༡༣   ༉ མོང་སྒར་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ རྫོང་ཁག་གི་ དང་འདོད་ཅན་གྱི་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་ཚུ་གིས་ མི་མང་དང་གཅིག་ཁར་ བསྐུལ་བསྒྲགས་ལས་རིམ་དེ་ ད་རེས་ནངས་པ་ ཁེངས་གཡུས་ཚན་ཚུ་ནང་ འགོ་འདྲེན་འཐབ་པའི་བསྒང་ར་ཡོདཔ་ལས་ མི་སེར་ཚུ་ལུ་ ལཱ་ལེ་ཤ་ཡོད་རུང་ སྤྲོ་བ་སྦོམ་བསྐྱེད་དེ་ འཛོམས་འདུའི་ནང་ བཅའ་མར་གཏོགས་སར་ མཐོངམ་ཨིན་པས།
ཨང་རྒས་བུམ་པ་གིས་ འཛོམས་འདུ་ནང་འགྱོ་བའི་བསྒང་།


རྫོང་ཁག་ནང་ མི་དམངས་བསྐུལ་བསྒྲགས་ལས་རིམ་དེ་ སྤྱི་ཟླ་༤ པའི་ཚེས་༤ ལས་འགོ་བཙུགས་ཡོདཔ་བཞིན་དུ་ དེ་ཡང་ དྲོ་པ་ ས་གླིང་རྒེད་འོག་ བཱོག་གསར་སྤྱི་འོག་དང་ ཉིན་མ་ སི་ལམ་སྦི་རྒེད་འོག་ ཝ་མ་སྤྱི་འོག་གི་མི་སེར་ཚུ་གི་དོན་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
སི་ལམ་སྦི་རྒེད་འོག་ ཝ་མ་གཡུས་ཚན་ལས་ སྐྱེས་ལོ་༦༠ ལང་མི་ ཨང་རྒས་བུམ་པ་གིས་ དྲོ་པ་ཧ་སག་ལོང་སྟེ་ འཛོམས་འདུའི་བསྐུལ་བསྒྲགས་ཀྱི་གསལ་བཤད་ ཉན་ནི་སྦེ་ ནགས་ཚལ་སྟུག་དྲག་ག་དེ་ཅིག་ཡོད་རུང་ ལམ་འགྱོ་ནི་ལུ་ ཚེར་སྣང་མ་བསྐྱེད་པར་ དུས་ཡུན་ཆུ་ཚོད་༣ དེ་ཅིག་གི་རིང་ ལམ་འགྱོ་མི་དེ་ཡང་ མོ་གི་གཡུས་ཚན་ནང་ གོང་འཕེལ་གྱི་འགྱུར་བ་ བཟོ་ཐབས་ལུ་དམིགས་ཏེ་ཨིན་པས།
མོང་སྒར་རྫོང་ཁག་ སི་ལམ་སྦི་རྒེད་འོག་ ཝ་མ་གཡུས་ཚན་དེ་ མཐའ་ཟུར་གྱི་གཡུས་ཚན་ཅིག་འབད་ནི་དེ་གིས་ ཁོང་མཐའ་ཟུར་གྱི་མི་སེར་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེ་གི་གདམ་ངོ་དེ་ ལྕོགས་གྲུབ་ཅན་ཅིག་ གདམ་འཐུ་འབད་ནི་ལུ་དམིགས་ཏེ་ དཀའཝ་ག་དེ་ཅིག་སྤྱད་རུང་ འདི་ལུ་ཚེར་སྣང་མ་བསྐྱེད་ཟེར་ཨིན་པས།
ཨང་རྒས་ཀྱིས་འབད་བ་ཅིན་ གལ་སྲིད་ག་དེམ་ཅིག་སྦེ་ འཛོམས་འདུ་ནང་བཅའ་མར་གཏོགས་མ་ཚུགས་པ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་ག་དྲག་ནི་ཨིན་ན་ མི་ཤེས་ནི་ཨིནམ་ལས་ རྩ་འགེངས་དགོཔ་དེ་ ང་བཅས་ལུ་ཕོག་པའི་འགན་ཁུར་ཨིན་ཟེར་ཨིན་པས།
ཝ་མ་གཡུས་ཚན་དང་ ཤར་སྤོང་ ལྕང་ལྕང་མ་ དེ་ལས་ ཡ་རི་གཡུས་ཚན་རྩིས་ཏེ་ གུང་པ་༤༠ ལྷགཔ་ཅིག་ཡོདཔ་ད་ ད་རེས་ནངས་པ་ གཡུས་ཚན་དེ་ནང་ གློག་མེ་ཞབས་ཏོག་གི་ལཱ་འབད་བའི་བསྒང་ཡོད་རུང་ འཁོར་ལམ་གྱི་མཐུན་རྐྱེན་དང་ སྨན་ཁང་ཚུ་མེདཔ་ལས་ མི་སེར་ཚུ་ དཀའཝ་སྦོམ་སྤྱདཔ་ཨིན་ཟེར་ སོ་ནམ་པ་སངས་རྒྱས་ཀྱིས་ སླབ་ཨིན་པས།
མོ་གིས་ བསྐུལ་བསྒྲགས་ཀྱི་གསལ་བཤད་ཉན་ནིའི་ གོ་སྐབས་ཐོབ་ཡོདཔ་ལས་ ཁོང་གི་དོན་ལུ་ གདམ་ངོ་ག་དྲག་ནི་ཨིན་ན་ ཧ་གོ་ཚུགསཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ནང་ དུས་ཅི་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དོན་ལུ་ དང་འདོད་ཅན་གྱི་གདམ་ངོ་ ཚེ་རིང་དབང་ཆེན་དང་ བསོད་ནམས་དབང་ཕྱུག་ གནས་ཆུ་༣ ཡོདཔ་ཨིན་པས།
ཁ་ཙ་ འདམ་ངོ་༣ གྱི་བསྐུལ་བསྒྲགས་ལས་རིམ་དེ་ དགོངས་འདུ་རྒེད་འོག་ ཡང་སྦ་རི་སྤྱི་འོག་ སྦག་ལ་དང་ པེ་ཀ་རི་ དེ་ལས་ ཡང་སྦ་རི་གཡུས་ཚན་གསུམ་གྱི་ནང་ འགོ་འདྲེན་འཐབ་ཡོདཔ་ད་ ད་རིས་ དགོངས་འདུ་རྒེད་འོག་ པཱམ་སྤྱི་འོག་ནང་ འགོ་འདྲེན་འཐབ་ནི་དང་ དེ་བཟུམ་སྦེ་ ནངས་པ་ འགྱུར་མེད་རྒེད་འོག་ནང་འགོ་འདྲེན་འཐབ་ནི་ཨིན་པས།
རྫོང་ཁག་ནང་ རྒེད་འོག་༡༧ གྱི་དོན་ལུ་ མི་མང་བསྐུལ་བསྒྲགས་ཀྱི་ལས་རིམ་དེ་ སྤྱི་ཟླ་འདི་གི་ཚེས་༢༠ ལུ་ ན་རང་རྒེད་འོག་ནང་འགོ་འདྲེན་འཐབ་ཐོག་ལས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

སི་ལམ་སྦི་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment