གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་གི་ གདམ་ངོ་ཚུ་གིས་ བསྐུལ་བསྒྲགས་འགོ་བཙུགས་ཡོདཔ།

༨/༤/༢༠༡༣   ༉ རྩི་རང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་གིས་ ཁས་བླངས་གསལ་བསྒྲགས་དེ་ སྤྱི་ཟླ་༤ པའི་ཚེས་༥ ལས་ རང་འཐག་གླིང་རྒེད་འོག་ནང་ལས་སྦེ་ འགོ་བཙུགསཔ་བཞིན་དུ་ གདམ་ངོ་༦ གིས་ དུས་ཡུན་སྐར་མ་༣༠ གི་རིང་ བསྐོར་རྒྱབ་སྦེ་ རང་སོའི་ཁས་བླངས་གསལ་བསྒྲགས་ཚུ་ འབད་ཡོདཔ་ཨིན་པས།
འཛོམས་འདུ་ནང་ འོང་མི་ཚུ་གིས་ གདམ་ངོ་ཚུ་གི་ ངོ་བྱང་ལེན་པའི་བསྒང།


གདམ་ངོ་ཚུ་གིས་ གསལ་བཤད་འབད་ནིའི་གཙོ་རིམ་ཚུ་ཡང་ རང་སོའི་ མིང་གསལ་དང་འཁྲིལ་ཏེ་བཟོ་ཡོདཔ་ད་ གོ་སྐབས་དང་པ་དེ་ གདམ་ངོ་ཚུ་གི་གྲས་ལས་ རྒས་ཤོས་ཅིག་ཨིན་མི་སྐྱེས་ལོ་༥༢ ལང་མི་ ཤཱ་ཡེམ་བཱསི་ནེཊི་གིས་ ཐོབ་ཡོདཔ་ད་ ཁོ་གིས་ ཤེས་ཚད་དང་ཉམས་མྱོང་ཚུ་གི་སྐོར་ལས་ གསལ་བཤད་འབད་བའི་ཤུལ་ལས་ ཁོ་གིས་ དེ་ཁར་འཛོམས་མི་༢༠༠ དེ་ཅིག་ལུ་ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་སྦེ་ བཅའ་མར་གཏོགས་མི་དེ་ དབང་ཚད་དང་ཐོབ་དབང་ཚུ་ལུ་ལྟ་སྟེ་མེན་པར་ རྩ་བ་༣ དང་ ལྷག་པར་དུ་ རྩི་རང་གི་མི་སེར་ཚུ་ལུ་ ཕྱག་ཞུ་ནི་ལུ་དམིགས་ཏེ་ཨིན་ཟེར་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཞུང་གཡོག་ནང་ ལོ་༡༠ དང་ སྒེར་སྡེ་ནང་ལོ་༡༦ འབདཝ་ད་ ལོ་ངོ་༢༦ གི་རིང་ རྫོང་ཁག་འོག་གི་རྒེད་འོག་༢༠ ཆ་མཉམ་ནང་ལྷོད་དེ་ མི་སེར་གྱི་དཀའ་ངལ་ཚུ་ ཧ་གོ་སྟེ་ཡོདཔ་ལས་ འདས་པའི་ཉམས་མྱོང་ཚུ་ལུ་བརྟེན་ ཕྱག་ཞུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིནམ་ད་ ལྕོགས་གྲུབ་ཅན་གྱི་ མི་ངོམ་གདམ་འཐུ་འབད་ནི་དེ་ ཁག་ཆེ་ཟེར་ རྒྱ་གར་ལས་ མི་མང་བདག་སྐྱོང་ནང་ མཐོ་རིམ་ཤེས་ཚད་དང་ ཡུ་ཨེསི་ཨེ་ལས་ རྒྱལ་སྤྱི་མཐུན་སྦྲེལ་ནང་ མཱསི་ཊཱརསི་གྱི་ ཤེས་ཚད་ཡོད་མི་དེ་གིས་ སླབ་ཨིན་པས།
དེ་གི་ཤུལ་ལས་ སྐྱེས་ལོ་༢༨ ལང་མི་ གདམ་ངོ་ནཱོ་བཱིན་དར་ལ་མི་གིས་འབད་བ་ཅིན་ ཁོ་ར་གདམ་འཐུ་གྲུབ་པ་ཅིན་ ཁོ་རའི་བཅའ་ཁྲིམས་གསརཔ་ རྒྱལ་ཡོངས་འཆར་གཞིའི་བཅའ་ཡིག་དང་ གྲོང་གསེབ་གོང་འཕེལ་བཅའ་ཡིག་ དེ་ལས་ ལཱ་གཡོག་མེད་པའི་གནས་སྟངས་ཀྱི་ བཅའ་ཡིག་ལ་སོགས་པའི་ བཅའ་ཡིག་༣  གྲོས་གཞི་བཙུགས་ཏེ་ ཕྱག་ཞུ་ནི་ཨིན་ཟེར་ཨིན་པས།
དེ་མ་ཚད་ རྩི་རང་རྫོང་ཁག་དེ་ སོ་ནམ་ལུ་བརྟེན་པའི་དཔེ་སྟོན་ཅན་གྱི་ རྫོང་ཁག་བཟོ་ནི་དང་ ལམ་སྲོལ་དང་ རང་བཞིན་གནས་སྟངས་ལུ་བརྟེན་པའི་ ལྟ་བཤལ་འགོ་བཙུགས་ནིའི་ རེ་བ་ཡོད་ཟེར་ རྒྱ་གར་ལས་ ཚོང་འབྲེལ་འཛིན་སྐྱོང་ནང་ མཐོ་རིམ་ཤེས་ཚད་དང་ ཚོང་འབྲེལ་བདག་སྐྱོང་ནང་ མཱསི་ཊར་ཤེས་ཚད་ཡོད་མི་ ནོ་བཱིན་གྱིས་ སླབ་ཡིན་པས།
དེ་ལས་ སྐྱེས་ལོ་༤༦ ལང་མི་ ཧེ་མ་ འབྲུག་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་པ་ ཀཱ་མཱལ་ བཱ་དཱུར་གུ་རུང་གིས་ སླབ་མིའི་ནང་ ལས་འཛིན་ནང་ལོ་༢༤ དང་ དེ་གི་ནང་ལས་ མཇུག་ར་ རྩི་རང་ལུ་ གྲོང་གསེབ་གློག་མེ་བཀྲམ་སྤེལ་སྡེ་ཚན་ནང་ འཛིན་སྐྱོང་པ་སྦེ་ཕྱག་ཞུ་བའི་སྐབས་ རྒེད་འོག་ཆ་མཉམ་ནང་ལྷོད་དེ་ གནས་སྟངས་ཚུ་ ཧ་གོ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱལ་ཁབ་དང་ མི་སེར་གྱི་ཞི་བདེ་དེ་ ཁྲིམས་ལེགས་ཤོམ་ཡོད་མི་ལུ་བརྟེན་ཨིནམ་ད་ ཁྲིམས་ལེགས་ཤོམ་བཟོ་དགོ་པ་ཅིན་ ལྕོགས་གྲུབ་ཅན་གྱི་འཐུས་མི་ གདམ་འཐུ་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།
ཁོ་གིས་ ན་གཞོན་ལཱ་གཡོག་གི་དཀའ་ངལ་དང་ གྲོང་གསེབ་ལས་ཁྲོམ་ཁར་གནས་སྤོ་འགྱོ་མིའི་གནས་སྟངས་ མར་ཕབ་བཏང་ནི་ཨིན་ཟེར་ ཐའི་ལེནཌི་ལས་ གློག་རིག་བཟོ་རིག་ནང་ མཱསི་ཊར་གྱི་ ཤེས་ཚད་ཡོད་མི་གིས་ སླབ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ ཇཱསི་ཀྲིན་གུ་རུང་གིས་ དང་པ་ར་ མི་མང་ལུ་ ཁོ་ར་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུའི་ནང་ གདམ་ཁ་རྐྱབ་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་པའི་ཁར་ འདས་པའི་ལོ་༥ འི་རིང་ལུ་ ད་རེས་ ལོག་སྟེ་ར་ བཅའ་མར་གཏོགས་ནི་སྦེ་ ཐག་བཅད་མི་དེ་ འདས་པའི་ཉམས་མྱོང་ལུ་བརྟེན་ སྔར་བ་དྲགཔ་སྦེ་ ཕྱག་ཞུ་ནིའི་རེ་བ་ཡོད་མི་ལུ་བརྟེན་ གནས་ཡུན་མ་ཚངམ་ལས་ ཐོབ་དབང་ཚུ་ ག་ནི་ཡང་མ་ཐོབ་རུང་ དགོངས་ཞུ་འབད་མི་དེ་ དེ་ལས་བརྟེན་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ བཅའ་ཁྲིམས་དང་བཅའ་ཡིག་ག་ཅི་བཟོ་རུང་ མི་སེར་གྱི་ མཐའ་དོན་ལུ་དམིགས་ཏེ་ བཟོ་ཡོདཔ་ལས་ ད་རུང་ ལོག་སྟེ་ར་ རྒྱབ་སྐྱོར་གནང་དགོ་ཟེར་ཨིན་པས།
སྐྱེས་ལོ་༣༡ ལང་མི་ པ་སངས་ཐིང་ཏ་མང་གིས་འབད་བ་ཅིན་ ཁོ་ར་ མི་སེར་ཉམ་ཆུང་གི་ བུཚ་ཅིག་འབདཝ་ལས་ ཨ་རྟག་ར་ སོ་ནང་ཞིང་ལཱ་ནང་ མི་སེར་ཚུ་དང་འདྲན་འདྲ་སྦེ་ར་ ལཱ་འབད་སྡོད་ནི་དེ་གིས་ མི་སེར་ཚུ་གི་དཀའ་ངལ་ཚུ་ ག་བ་དྲགཔ་སྦེ་ ཧ་གོ་འོང་ཟེར་ཨིནམ་ད་ ཉམ་ཆུང་གདམ་ཁ་རྐྱབ་ནི་ཨིན་ན་ ཕྱུགཔོ་ལུ་བཙུགས་ནི་ཨིན་ན་ ཁྱོད་ར་བལྟ་སྟེ་འབད་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ སླབ་མིའི་ནང་ ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ གཞུང་དང་ མི་སེར་གྱི་མཐུན་ལམ་དེ་ ཁབ་དང་སྐུདཔ་བཟུམ་བཞག་ནིའི་ མནོ་བསམ་ཡོད་ཟེར་ རྒྱ་གར་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་གིས་ སླབ་ཨིན་པས།
གསལ་བཤད་མཇུག་འབད་མི་ གདམ་ངོ་ཚུ་གི་གྲས་ལས་ གཞོན་ཤོས་ཅིག་ཨིན་མི་ སྐྱེས་ལོ་༢༧ འབད་མི་ སངས་རྒྱས་ཏ་མང་གིས་ དུས་ཡུན་སྐར་མ་༥ དེ་ཅིག་གི་རིང་ལུ་ གདམ་ངོ་གཞན་ཚུ་བཟུམ་སྦེ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་གི་ འགན་ཁུར་ཚུ་གི་སྐོར་ལས་ གསལ་བཤད་འབད་བའི་ཤུལ་ལས་ ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ གཞུང་དང་མི་སེར་གྱི་བར་ན་ ཟམ་བཟུམ་སྦེ་ ཕྱག་ཞུ་ནི་ཨིན་ཟེར་ཨིན་པས།
ཁོ་གིས་ ན་གཞོན་དང་འབྲེལ་བའི་ དཀའ་ངལ་བསལ་ནི་དང་ དབུལ་ཕོངས་རྩ་མེད་གཏང་ནི་ལུ་ གཙོ་བོར་བཏོན་ནི་ཨིན་ཟེར་ སླབ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment