གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེའི་ ཕོ་ཝཱན་སྨན་ཆུ་གིས་ ནད་གཞི་ཀུན་ལས་དྲག་དོ་ཡོདཔ།

༨/༤/༢༠༡༣   ༉ ལྷུན་རྩེ་རྫོང་ཁག་ བཙན་མཁར་རྒེད་འོག་ དོམ་མཁར་གཡུས་ཚན་ལས་ སྐྱེས་ལོ་༨༠ ལང་མི་ ཨ་རྒས་དབང་ཕྱུག་གིས་ ཁོ་ར་ལོ་ན་རྒས་སོ་རུང་ ད་ལྟོའི་བར་ན་ཡང་ སོ་ནམ་ཞིང་ལཱ་འབད་ནི་ལུ་ གཟུགས་སྟོབས་སྒྲིང་སྒྲིང་སྦེ་ཡོད་མི་དེ་ ག་ཅི་ལུ་བརྟེན་ཨིན་ན་ ཁུངས་བཀལ་ནི་ཡོདཔ་ཨིན་པས།
སྨན་ཆུ་སྦང་སའི་ གུ་རུ་གི་རྡོ་གཞོང་།
སྒར་བཅགས་སྡོད་མི་ སྨན་ཆུ་སྦང་མི་ཚུ།


ཨ་རྒས་དབང་ཕྱུག་གིས་ སླབ་མིའི་ནང་ ད་ལྟོ་ཁོ་ར་ ལོ་ན་རྒས་ཏེ་འབད་རུང་ གཟུགས་སྟོབས་སྒྲིང་སྒྲིང་ཡོད་མི་དེ་ཡང་ ཁོ་ར་ ཆུང་ཀུའི་བསྒང་ལས་ར་ སོ་ནམ་གྱི་ལཱ་ འགོ་མ་བཙུགས་པའི་ཧེ་མར་ གནམ་དགུན་ཨ་རྟག་ར་ སྨན་ཆུ་སྦང་ནི་དེ་གིས་ ཨིན་མས་ཟེར་ཨིནམ་ད་ སྨན་ཆུ་ལུ་བརྟེན་ ད་རེས་ ལོ་ན་རྒས་སོ་རུང་ རྐང་ཚིགས་ལག་ཚིགས་ཚུ་ མི་ན་བས་ཟེར་ཨིན་པས།
ཨ་རྒས་དབང་ཕྱུག་གིས་ དུས་ཅི་ཡང་ དོམ་མཁར་གཡུས་ཚན་གྱི་ མི་སེར་༡༥ དེ་ཅིག་ སྨན་ཆུ་སྦང་པར་ ལྷུན་རྩེ་རྫོང་ཁག་ ཕོ་ཝཱན་ཟེར་ས་ལུ་ ཁྱིད་འོང་ཡོདཔ་ད་ ཁོང་གིས་ སླབ་མིའི་ནང་ ལོ་ཨ་རྟག་ར་ སྨན་ཆུ་སྦང་ནི་གི་སྲོལ་ཡོདཔ་ལས་ ད་རེས་སྨན་ཆུ་སྦང་ཚུགས་པ་ཅིན་ ལཱ་འབད་བའི་སྐབས་ལུ་ གཟུགས་ན་ནི་ལ་སོགས་པའི་ དཀའ་ངལ་ཚུ་ མི་བྱིན་ཟེར་ཨིན་པས།
སྨན་ཆུ་དེ་ ཀུ་རི་ཆུ་གི་མཐའ་མར་ཡོདཔ་ད་ སྦང་ས་དེ་ཡང་ ཤིང་གི་ཝ་བཟོ་སྟེ་མེན་པར་ རྡོ་གཞོང་སྦོམ་༢ ཡོདཔ་ཨིན་པས།
ཁོང་གིས་ སླབ་མིའི་ནང་ སྨན་ཆུ་སྦང་སའི་ རྡོ་གཞོང་དེ་ གུ་རུ་རིན་པོ་ཆེ་ སྨན་ཆུ་སྦང་སའི་ རྡོ་གཞོང་ཨིན་ཟེར་ཨིནམ་ད་ རྡོ་གཞོང་དེ་ཡང་ ཕོ་དང་ མོ་ཟེར་ ག་ནི་བ་ ཡ་མཚན་ཆེ་ཏོག་ཏོ་སྦེ་ ཡོདཔ་ཨིན་པས།
ཨ་རྒས་དབང་ཕྱུག་གིས་ སླབ་མིའི་ནང་ སྨན་ཆུ་དེ་ རྩ་ཅན་ཨིནམ་སྦེ་ ཁོང་གི་ ཕམ་ཚུ་གིས་བསྒང་ལས་ར་ སླབ་ནི་ཡོད་ཟེར་ཨིནམ་ད་ ཆུང་ཀུའི་བསྒང་ལས་ར་ ས་གནས་དེ་ཁར་ སྨན་ཆུ་སྦང་སྲོལ་ཡོད་ཟེར་ཨིན་པས།
སྨན་ཆུ་དེ་གིས་ རྐང་ཚིགས་ལག་ཚིགས་ཚུ་ ན་མི་དང་ གྲང་བ་གྲང་གཞི་ཚུ་ དྲག་དོ་ཡོདཔ་ལས་ དོམ་མཁར་གྱི་ མི་སེར་ཚུ་གིས་ ལོ་བསྟར་བཞིན་དུ་ སོ་ནམ་ཞིང་ལཱ་ འགོ་མ་བཙུགསཔ་ཅིག་ཁར་ འོང་ནི་ཡོད་ཟེར་ཨིནམ་ད་ ཀུར་སྟོད་གྱི་ མི་སེར་ཚུ་གིས་མ་ཚད་ རྫོང་ཁག་གཞན་གྱི་ མི་སེར་ཚུ་གིས་ཡང་ ན་ཚ་ཚུ་ལས་ དྲག་ཐབས་ལུ་ སྨན་ཆུ་སྦང་པར་ འོང་ནི་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༥༡ ལང་མི་ འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཕོ་ཝཱན་སྨན་ཆུ་དེ་ ན་ཚ་ག་ཅི་བཟུམ་ཡང་ དྲག་ཚུགས་པའི་ སྨན་ཆུ་ཅིག་ཨིནམ་ལས་ མི་སེར་ཚུ་གིས་ ལོ་བསྟར་བཞིན་དུ་ སྡེ་ཚན་བཟོ་སྟེ་ འོང་ནི་ཡོད་ཟེར་ཨིན་པས།
སྨན་ཆུ་སྦང་པར་འོང་མི་ འཇམ་དཔལ་ལྷ་མོ་གིས་ སླབ་མིའི་ནང་ མོ་གི་གཡུས་ཁ་ལས་ མི་སེར་ཚུ་གིས་ ལོ་བསྟར་བཞིན་དུ་ སྨན་ཆུ་སྦང་པར་ འོང་མི་དེ་ཡང་ སྨན་ཆུ་དེ་ གུ་རུ་གིས་ བྱིན་གྱིས་བརླབས་གནངམ་ལས་བརྟེན་ སོ་ནམ་གྱི་ ལཱ་ཚུ་འབད་བའི་སྐབས་ལུ་ གཟུགས་སྟོབས་སྒྲིང་སྒྲིང་སྦེ་ བཞག་ཚུགས་ཟེར་ཨིན་པས།
སྨན་ཆུ་སྦང་པར་འོང་མི་ཚུ་གིས་ ཤ་དང་ མར་ དར་ཚིལ་ སྒོང་རྡོག་ དེ་ལས་ ཆང་ཚུ་འབག་ཐོག་ལས་ བཞེས་སྒོ་ཚུ་ རྡིག་རྡིགམ་སྦེ་ བཟོ་བཟའ་དོ་ཡོདཔ་ད་ ལ་ལུ་ཅིག་གི་སྣང་བ་ལུ་ སོ་ནམ་ཞིང་ལཱ་ འགོ་བཙུགས་པའི་སྐབས་ལུ་ གཟུགས་སྟོབས་སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ མཛར་ཅུམ་བཟུམ་ཅིག་སྦེ་ ཚོར་དོ་ཡོདཔ་ལས་ དགའ་སྤྲོ་སྦོམ་སྦེ་ར་ བཏོན་སྟོན་དོ་ཡོདཔ་ཨིན་པས།
ལ་ལུ་ཅིག་གིས་ སླབ་མིའི་ནང་ སྨན་ཆུ་དེ་ གུ་རུ་གི་ རྡོ་གཞོང་ནང་ སྦང་དོ་ཡོདཔ་ཨིན་རུང་ སྨན་རྡོ་ཚུ་ མེ་བཏང་ཐོག་ལས་ སྦང་དོ་ཡོདཔ་ལས་ ཤིང་འཐུ་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ད་ ཨིན་རུང་ སྨན་ཆུ་དེ་ གཞུང་ལམ་གྱི་འོག་ལུ་ མི་ཊར་༢༠༠ དེ་ཅིག་གི་ས་ཁར་ཡོདཔ་ལས་ སྨན་རྡོ་མེ་བཏང་ནི་གི་ ཐབ་ཤིང་ཚུ་ སྣུམ་འཁོར་ནང་བཙུགས་ཏེ་ འབག་འོང་དོ་ཡོདཔ་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ ཁོང་གི་རེ་བ་ལས་འབད་བ་ཅིན་ རྫོང་ཁག་བདག་སྐྱོང་གིས་ སྨན་ཆུ་ཚུན་ སྣུམ་འཁོར་ལམ་ཅིག་ བཏོན་གནང་པའི་ཁར་ མི་སེར་ཚུ་ སྒར་བཅགས་ཏེ་ སྡོད་ནིའི་དོན་ལུ་ ཐང་ཆུང་ཀུ་ཅིག་ཡང་ བཟོ་གནང་པ་ཅིན་ སྨན་ཆུ་སྦང་མི་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་མས་ཟེར་ཨིན་པས།
ད་རེས་ནངས་པ་ སྨན་ཆུ་ཚུན་ འཁོར་ལམ་མེད་པའི་ཁར་ མི་ཚུ་གུར་སྤུབས་སྡོད་སའི་ ཐང་ཅིག་ཡང་མེདཔ་ལས་ སྟབས་མ་བདེཝ་ཡོདཔ་མ་ཚད་ ནགས་ཚལ་མེ་རྐྱེན་ཤོར་ནིའི་ ཉེན་ཁ་ཡང་ ཡོདཔ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment