གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གདམ་ངོ་ཚུ་ གཡོག་འཚོལ་མི་དང་ མི་སེར་ཚུ་ གཡོག་བྱིན་མི་ཨིན་ན?

༨/༤/༢༠༡༣   ༉ ད་རེས་ནངས་པ་ གཡུས་སྒོ་ཚུ་ནང་ལས་ཕར་ བཤལ་འགྱོ་བའི་སྐབས་ མི་མང་ཤོས་ཅིག་གིས་ ལམ་དེ་ ང་བཅས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་གིས་ བསལ་བསལཝ་ཨིན་པའི་ཁར་ འཐུང་ཆུ་དེ་ཡང་ ང་བཅས་ཀྱི་ ཚོགས་འདུའི་འཐུས་མི་གིས་ བཏོན་བཏོནམ་ཨིན་ཟེརཝ་མ་གཏོགས་ ཚོགས་སྡེའི་འཐུས་མི་ཚུ་གི་སྐོར་ལས་ ལོ་རྒྱུས་ར་ མི་ཐོན་པས་ཟེར་ ཁ་ཙ་ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་༢ ཀྱི་ རྩོད་བསྡུར་གྱི་ ངོ་སྤྲོད་འབད་བའི་སྐབས་ གདམ་ངོ་པདྨ་བསྟན་འཛིན་གྱིས་ སླབ་ཨིན་པས།


དེ་ཡང་ ཁོ་གིས་འབྲེལ་བ་འཐབ་མི་ མི་སེར་མང་ཤོས་ཅིག་གིས་ རྒྱལ་ཡོངས་ཚོགས་འདུ་དང་ ཚོགས་སྡེ་༢ ཀྱི་བར་ནའི་ འགན་ཁུར་གྱི་ཁྱད་པར་ཚུ་ ཧ་མ་གོཝ་སྦེ་ མཐོང་ཡོདཔ་ལས་ དེ་ལུ་བརྟེན་ཏེ་ ཨིནམ་འོང་ནི་མས་ཟེར་ སླབ་ཨིན་པས།
ཁོ་གིས་ གསལ་བཤད་འབད་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་ལུ་ གཞུང་སྐྱོང་ནིའི་དབང་ཚད་དང་ མ་དངུལ་ཚུ་མེདཔ་ལས་ རྒྱལ་ཁབ་དང་ མི་སེར་ལུ་ཕན་ཐོགས་པའི་ ཁྲིམས་བཟོ་ནི་དང་ ཁྲིམས་བསྐྱར་ཞིབ་འབད་ནི་རྐྱངམ་གཅིག་ཨིན་པས།
དཔེ་འབད་བ་ཅིན་ ཆུ་ཁ་རྫོང་ཁག་བཟུམ་ཅིག་ནང་ སློབ་གྲྭ་ཅིག་ རྐྱབ་ནི་འབད་བ་ཅིན་ ག་ཏེ་རྐྱབ་དགོཔ་ཨིན་ན་དང་ ཞིང་ལམ་ཅིག་ བསལ་ནི་ཨིན་པ་ཅིན་ ག་ཏེ་ལས་ བསལ་དགོཔ་ཨིན་ན་ ན་གཞོན་ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ཚུ་ ག་དེ་སྦེ་བསལ་ནི་ཨིན་ནའི་ དབང་ཚད་ཚུ་ གཞུང་སྐྱོང་ཚོགས་པ་ལུ་ཡོད་ཟེར་ ཁོ་གིས་སླབ་ཨིན་པས།
པདྨ་བསྟན་འཛིན་གྱིས་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ རང་སོའི་ཨ་ལུ་ཚུ་ལུ་ ཤེས་ཡོན་བྱིན་དགོ་རུང་ རིན་མེད་སྟོང་པར་དང་ གསོ་བའི་ཞབས་ཏོག་ཚུ་ཡང་ རིན་མེད་སྟོང་པར་ཐོབ་མི་དེ་ རྒྱལ་ཁབ་ནང་ ཧེ་མ་ལས་ ཁྲིམས་ལེགས་ཤོམ་ཡོད་ནི་དེ་གིས་ཨིནམ་ད་ ད་ལས་ཕར་འབད་རུང་ ཁྲིམས་ལུགས་དེ་ མ་འོངས་བུ་གཞི་ཚུ་གི་སྐབས་ལུ་ཡང་ ལེགས་ཤོམ་དང་ སྔར་ག་ཨིནམ་འབད་ བཞག་ཚུགས་དང་མི་ཚུགས་ཀྱི་ཚ་གྱང་དེ་ ཚོགས་སྡེ་གིས་ འབག་དགོཔ་བཟུམ་ཅིག་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ གལ་སྲིད་ འཁོར་ལམ་གསརཔ་ཅིག་ བསལ་ནི་འབད་རུང་ དེ་ནང་ འཕྲུལ་ཆས་ཚུ་བཙུགས་ཏེ་ དེ་འཕྲོ་ལས་ བསལ་ནི་མེན་པར དང་པ་ར་ འཆར་གཞི་བརྩམ་དགོཔ་ད་ རང་བཞིན་གནས་སྟངས་ཀྱི་ཁྲིམས་དེ་ ག་དེ་སྦེ་ཡོད་ག་ ལམ་དེ་གིས་ མི་ག་དེམ་ཅིག་ལུ་ ཕན་ཐོགས་ཚུགས་ག་ཚུ་ ཁྲིམས་དང་འཁྲིལ་ཏེ་ ལཱ་འབད་དགོཔ་ཨིན་མས་ཟེར་ ཁོ་གིས་སླབ་ཨིན་པས།
དེ་བཟུམ་སྦེ་ ཧེ་མ་འབད་བ་ཅིན་ བློན་པོ་ཚུ་ལས་འགོ་བཙུགས་ཏེ་ གཞུང་གི་དཔོན་ཁག་ཚུ་ གཞུང་གིས་བཀལཝ་ཨིན་རུང་ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ བློན་པོ་དང་ རྒྱལ་ཡོངས་ཚོགས་སྡེ་དང་ ཚོགས་འདུའི་འཐུས་མི་ཚུ་ མི་སེར་གྱིས་ བཀལ་དོ་ཡོདཔ་ལས་ ད་རེས་ ང་བཅས་ཆ་ཁྱབ་ ལཱ་གཡོག་འཚོལ་མི་དང་ མི་སེར་ཚུ་ གཡོག་བྱིན་མི་ཨིན་ཟེར་ པདྨ་བསྟན་འཛིན་གྱིས་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ མི་སེར་ཚུ་གིས་ དམངས་གཙོའི་ལམ་ལུགས་དང་ ཚོགས་སྡེ་དང་ ཚོགས་འདུའི་འགན་ཁུར་ ག་ཅི་ཨིན་ན་ཚུ་ དབྱེ་བ་ཕྱེ་སྟེ་ ཧིང་སངས་ས་སྦེ་ ཧ་གོ་དགོཔ་ཁག་ཆེ་ཟེར་ཨིན་པས།
དེ་དང་འཁྲིལ་ འདེམས་ངོ་བཙག་འཐུ་འབད་བའི་སྐབས་ དཔེ་འབད་བ་ཅིན་ པདྨ་བསྟན་འཛིན་དེ་ ང་བཅས་ཀྱི་ གཡུས་ཁ་ལས་ཨིན་ ང་གིས་ ཁོ་ལེགས་ཤོམ་སྦེ་ ངོ་ཤེས་ཟེར་བའི་ མནོ་བསམ་གཏང་སྟེ་ རྩ་ལས་ར་ ཐག་བཅད་ནི་མི་འོང་ཟེར་བཤད་ཅི།
དཔེ་འབད་བ་ཅིན་ རང་ལུ་ ཚོང་ཁང་ཅིག་ཡོད་དེ་ ཁྱིམ་ནང་ མི་ལཱ་མེད་པར་ ཚོང་རྐྱབ་མི་ ཕྱི་ཁའི་མི་ཅིག་ བཙུགས་དགོ་པ་ཅིན་ ཚོང་མགྲོན་པ་ཚུ་དང་ མཐུན་ལམ་ཡང་ ལེགས་ཤོམ་སྦེ་བཞག་ རང་གི་ཁེ་སང་ཚུ་ ག་དེམ་ཅིག་ཐོབ་ཡོདཔ་ཨིན་ན་ ངེས་བརྟན་སྦེ་ རང་ལུ་ རྩིས་སྤྲོད་མི་ཅིག་འབད་བ་ཅིན་ མི་དེ་ ལྕོགས་གྲུབ་ཅན་གྱི་གྲངས་སུ་ཚུད་འོང་ ག་དེམ་ཅིག་སྦེ་ ཁེ་སང་ཡང་ ཁོ་ར་གིས་བཟའ་ དུས་ཚོད་ཁར་ ལཱ་ཡང་འབད་མ་བྱིན་པ་ཅིན་ རང་གི་མི་འབད་རུང་ ལྕོགས་གྲུབ་ཅན་སྦེ་ མི་བརྩི་ཟེར་ སླབ་ཨིན་པས།
དེ་དང་འའདྲཝ་སྦེ་ རྒྱལ་ཁམས་འདི་ ང་བཅས་རའི་ ཁྱིམ་བཟུམ་ཅིག་སྦེ་བཞག་ ལྕོགས་གྲུབ་ཅན་གྱི་ལཱ་འབད་མི་དེ་ལུ་ ཁྱད་ཚད་ག་ཅི་བཟུམ་ར་ ཚང་དགོཔ་ཨིན་ནའི་ དབྱེ་བ་དཔྱད་དེ་ སེམས་ཐག་བཅད་དགོ་ཟེར་ པདྨ་བསྟན་འཛིན་གྱི་སླབ་ཅི།
པདྨ་བསྟན་འཛིན་གྱིས་ འབད་བ་ཅིན་ གལ་སྲིད་ ཁྱེད་མི་སེར་ཚུ་གི་ རྒྱབ་སྐྱོར་ལུ་བརྟེན་ ང་ར་བཙག་འཐུ་འགྲུབ་ཅིན་ ཚོགས་སྡེའི་འགན་ཁུར་ ལེ་ཤ་ཡོད་པའི་གྲས་ལས་ རྒྱལ་ཁབ་ཀྱི་ རང་དབང་རང་བཙན་དང་ སྲུང་སྐྱོབ་ཚུ་ སེམས་ཁར་བཞག་སྟེ་ ཕྱག་ཞུ་ནི་དང་ གཞུང་སྐྱོང་ཚོགས་པ་གིས་ འཆར་གཞི་དང་ ཁྲིམས་ག་ཅི་ར་བརྩམ་རུང་ གཞུང་དང་མི་སེར་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ ཁྲིམས་ཨིན་ན་མེན་ན་ཚུའི་སྐོར་ལས་ དབྱེ་ཞིབ་འབད་ནིའི་ མནོ་བསམ་ཡོད་ཟེར་སླབ་ཅི།
དེ་ལས་ ཁྲིམས་གསརཔ་ཚུ་ བརྩམ་པའི་སྐབས་ དེ་གིས་ རྒྱལ་ཁབ་ནང་ བདེ་སྐྱིད་དང་ ཞི་བདེ་ཚུ་ འབྱུང་ཚུགས་ག་མི་ཚུགས་ཀྱི་ དབྱེ་ཞིབ་ཚུ་ཡང་ འབད་ནི་ཨིན་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་གཞན་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ ཚེ་དབང་ལྷ་མོ་གིས་འབད་བ་ཅིན་ མོ་གིས་ འདས་པའི་ལོ་༥ འི་རིང་ ཚོགས་སྡེའི་ནང་ ཕྱག་ཞུ་བའི་སྐབས་ ག་དེ་དྲག་དྲག་ རང་གིས་མ་ཤེསཔ་ཚུ་ཡང་ རོགས་ལུ་དྲིས་ཏེ་ ཕྱག་ཞུ་ཡོདཔ་མ་ཚད་ དེ་བསྒང་གི་ བཙག་འཐུའི་སྐབས་ལུ་ མི་སེར་ཚུ་གིས་ ང་ལུ་རྒྱབ་སྐྱོར་གནང་མི་དེ་ ད་རེས་ཡང་ སེམས་ཁར་དྲནམ་དྲན་ས་ ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ལོ་༥ འི་རིང་ མོ་གིས་ ག་དེ་སྦེ་ར་ ཕྱག་ཞུ་ཡོདཔ་ཨིན་ན་ མི་སེར་ཚུ་གིས་ ལེགས་ཤོམ་སྦེ་ར་ མཁྱེནམ་མ་ཚད་ མོ་ར་གིས་འབད་རུང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་ སྲིད་དོན་ལས་ ཐ་དད་ཐོག་ ག་དེ་སྦེ་བཞུགས་དགོཔ་ཨིན་ན ཧ་གོ་ཡི་ཟེར་ སླབ་ཨིན་པས།
མི་སེར་ཚུ་གིས་ ཚོགས་སྡེ་དང་ ཚོགས་འདུའི་བར་ན་ མགུ་འཐོམ་བྱུང་བའི་ ལོ་རྒྱུས་ཚུ་ཡང་ཡོདཔ་ད་ ང་ར་གིས་འབད་བ་ཅིན་ ཚོགས་ཁང་༢ ཆ་ར་ ཁྲིམས་བཟོ་མི་ཨིནམ་ལས་ མགུ་འཐོམ་འབྱུང་དགོཔ་མེད་ཟེར་ ཚེ་དབང་ལྷ་མོ་གིས་ སླབ་ཨིན་པས།
ཨིན་རུང་ རྒྱལ་ཁབ་ཀྱི་ ཁྲིམས་བཟོའི་ལམ་ལུགས་ནང་ རྒྱལ་ཡོངས་ཚོགས་འདུ་ལས་བརྒྱུད་དེ་ འགྱོ་དགོཔ་ལས་ གལ་སྲིད་ ཁྲིམས་ཀྱི་ནང་ སྲིད་ཀྱི་ལྟ་བ་ཚུ་ཡང་ ཚུད་ནིའི་ཉེན་ཁ་ཡོདཔ་བཞིན་དུ་ ཁྲིམས་དེ་ སྲིད་དོན་ཐོག་ལས་སྦེ་ ཡར་སོ་པ་ཅིན་ སྲིད་དོན་ཚོགས་པ་ ཁོང་ར་ལུ་མ་གཏོགས་ མི་སེར་ལུ་ ཕན་མི་ཐོགས་ཟེར་ མོ་གིས་ སླབ་ཨིན་པས།
དེ་བཟུམ་མའི་ གནས་སྟངས་ནང་ རྒྱལ་ཡོངས་ཚོགས་སྡེ་དེ་ ག་དེམ་ཅིག་ཁག་ཆེཝ་ཨིན་ ཧ་གོ་ཚུགས་ཟེར་ མོ་གིས་སླབ་ཨིན་པས།
ཚེ་དབང་ལྷ་མོ་གིས་ བཤད་མིའི་ནང་ གོང་འཕེལ་གྱི་ ལས་སྣ་ཚུ་གི་ཐད་ཁར་འབད་རུང་ ཚོགས་ཁང་༢ ཆ་ར་གིས་ རྒྱབ་སྐྱོར་ཕུལ་ནི་མ་གཏོགས་ ལགཔ་རྐྱབ་ས་མེད་མི་དེ་ མི་སེར་ཚུ་གིས་ མཁྱེན་དགོཔ་ད་ འདས་པའི་ལོ་༥ འི་རིང་ ང་གིས་ ཉམས་མྱོང་ག་དེམ་ཅིག་ཐོབ་ཅི་ག་ ང་ར་གིས་ཤེས་ནི་དང་ ག་དེམ་ཅིག་སྦེ་ ཉམས་མྱོང་དེ་ རྒྱབ་ཏུ་སྐྱུར་བཞག་པ་ཅིན་ དེ་གིས་ ང་ར་དང་ མི་སེར་༢ ཆ་ར་ལུ་ ཕན་མི་ཐོགས་ཟེར་ཨིན་པས།
ང་ར་ལུ་ འདས་པོའི་ལོ་༥ འི་ ཉམས་མྱོང་ཡོད་མི་དང་འཁྲིལ་ ད་རེས་ བཙག་འཐུ་ནང་ བཅའ་མར་མ་གཏོགས་པ་ཅིན་ ང་ར་ཡང་ བསམ་པ་མི་རྫོགས་ནི་མས་ཟེར་ ཚེ་དབང་ལྷ་མོ་གིས་ སླབ་ཨིན་པས།
གལ་སྲིད་ ང་ར་བཙག་འཐུ་འགྲུབ་པ་ཅིན་ རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ཏེ་ བཟོ་ནི་དང་ སྲིད་དོན་ལས་ ཐ་དད་སྦེ་སྡོད་ནི་ རྒྱལ་ཡོངས་ཀྱི་ དཀའ་ངལ་ཅན་གྱི་གནད་དོན་ གཞུང་སྐྱོང་ལེགས་ལྡན་དང་ ན་གཞོན་ལུ་ ལཱ་གཡོག་མེད་པའི་དཀའ་ངལ་ དབུལ་ཕོངས་རྩ་མེད་གཏང་ནི་ དེ་ལས་ མི་སྡེའི་དཀའ་ངལ་ཚུ་ལུ་ དྲན་ཤེས་བསྐྱེད་ནི་དང་འདྲཝ་སྦེ་ མ་འོངས་ཕུག་བརྟན་ཚུགས་པའི་ སོ་ནམ་གྱི་སྲིད་བྱུས་ཚུ་བརྩམ་སྟེ་ རང་འཚོ་རང་ལྡང་བཟོ་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment