གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མཉམ་རུབ་ཚོགས་པ་གིས་ ད་རུང་ འདེམས་ངོ་༨ ངོས་ལེན།

༨/༤/༢༠༡༣  ཚོགས་པ་དེ་ལུ་ འདེམས་ངོ་བསྡོམས་༤༡ ལུ་ ལྷོད་ཡོད་རུང་ འདེམས་ཁོངས་༤༧ གྱི་དོན་ལུ་ འདེམས་ངོ་༦ མ་ལང་པར་ཡོདཔ་ཨིན་པས།
 ༉ སྤྱི་ཟླ་༤ པའི་ཚེས་༥ ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ ཞི་གཡོག་འགོ་དཔོན་ལས་ ཚོང་ལས་འཐབ་མི་དང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་གསརཔ་ཚུན་ཚོད་ སྐྱེས་ལོ་༢༥ ལས་༦༡ གི་བར་ན་འབད་མི་ འདེམས་ངོ་༨ འབད་མི་ སྡེ་ཚན་གཞན་ཅིག་ ངོ་སྤྲོད་འབད་ནུག།


ད་ཚུན་གྱི་བར་ན་ ཚོགས་པ་གིས་ འདེམས་ངོ་༤༡ གཏན་འཁེལ་སོང་ཡོད་པའི་ གསལ་བསྒྲགས་འབད་ཡོད་རུང་ ད་རུང་ ཚོགས་པ་ལུ་ འདེམས་ངོ་༦ གིས་ མ་ལང་པར་ཡོདཔ་ཨིན་པས།
ཀུན་ལེགས་རྡོ་རྗེ། ར་སྡི་-སག་སྟེང་འདེམས་ཁོངས། བཀྲིས་སྒང་།
འདེམས་ངོ་གསརཔ་༨ ཀྱི་གྲས་ལས་ རྒས་ཤོས་ཅིག་ཨིན་མི་ སྐྱེས་ལོ་༦༡ ལང་མི་ ཀུན་ལེགས་རྡོ་རྗེ་དེ་ ལས་གཡོག་ལྷན་ཁག་གི་ མི་སྟོབས་མདོ་ཆེན་བགྲེསཔ་ཨིནམ་ད་ ཁོ་གིས་ ར་སྡི་-སག་སྟེང་འདེམས་ཁོངས་ནང་ལས་ དོ་འགྲན་འབད་ནི་ཨིན་པས།
རྒྱལ་ཁབ་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཕྱག་ཞུ་བའི་ ཡིད་ཆེས་ཀྱི་ ངོ་སྦྱོར་ལག་ཁྱེར་ཐོབ་མི་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ མཉམ་རུབ་ཚོགས་པ་གིས་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ དུས་རྟག་པར་རྒྱུན་དུ་ ཕྱག་ཞུ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་པའི་ བློ་གཏད་ཡིད་ཆེས་ཧྲིལ་བུ་ཡོད་མི་ལུ་བརྟེན་ ཚོགས་པ་འདི་ནང་ འཛུལ་ཞུགས་འབད་ཡི་ཟེར་ཨིན་པས།
བསྟན་འཛིན་ལེགས་འཕེལ། བར་མཚམས་-གཤོང་ཕུག་འདེམས་ཁོངས། བཀྲིས་སྒང་།
འབྲུག་མཉམ་རུབ་ཚོགས་པ་ གཞི་བཙུགས་འབད་མི་ཅིག་ཨིན་མི་ སྐྱེས་ལོ་༤༩ ལང་མི་ བསྟན་འཛིན་ལེགས་འཕེལ་གྱིས་ ཚོགས་པའི་འདེམས་ངོ་སྦེ་ བར་མཚམས་-གཤོང་ཕུག་འདེམས་ཁོངས་ལས་ འབྲེལ་གཏོགས་འབད་ནི་ཨིན་པས།
དགའ་གླིང་ལས་ཨིན་མི་ བསྟན་འཛིན་ལེགས་འཕེལ་གྱིས་ གཞུང་གཡོག་ནང་ གོ་གནས་སོ་སོའི་ཐོག་ལུ་ ཕྱག་ཞུ་བའི་ཤུལ་ལུ་ ད་ལྟོ་ ཚོང་འབྲེལ་འཐབ་དོ་ཡོདཔ་ད་ འབྲུག་གི་དམངས་གཙོའི་རིང་ལུགས་འདི་ འགོ་བཙུགསཔ་ཅིག་ར་ཨིནམ་ལས་ ཁོང་གིས་ གཞི་འགྱམ་སྒྲིང་སྒྲིང་བཙུགས་ཏེ་ གཅིག་མཐུན་ཐོག་ ཚུལ་ལྡན་ལམ་ཕྱོགས་ལུ་ ཞུགས་བཅུག་ནི་དེ་ ག་ནི་བ་ གལ་ཆེ་ཟེར་ སླབ་ཨིན་པས།
བཀྲིས། འབྲུག་རྗེ་སྒང་-བརྩེ་བཟང་འདེམས་ཁོངས། དར་དཀར་ནང་།
བཟོ་སྐྲུན་དང་འབྲེལ་བའི་ ཚོང་ལཱ་འཐབ་མི་ སྐྱེས་ལོ་༣༠ ལང་མི་ བཀྲིས་དེ་ དར་དཀར་ནང་ འབྲུག་རྗེ་སྒང་-བརྩེ་བཟང་འདེམས་ཁོངས་ལས་ ཚོགས་པ་འདི་གི་ འདེམས་ངོ་ཨིན་པས།
ཁོ་ར་སྐྱེས་ས་སྦོམ་སའི་ གཡུས་ཚན་ནང་ སྡོད་ཡོདཔ་ལས་ གྲོང་གཡུས་ཚུ་ནང་ དཀའ་སྡུག་དང་ མི་སེར་ཚུ་ལུ་ དཀའ་ངལ་ག་ཅི་ཡོདཔ་ཨིན་ན་ ལེགས་ཤོས་སྦེ་ ཧ་གོ་ཡོདཔ་ཨིན་རུང་ ཁོ་ར་ སྲིད་དོན་ནང་འཛུལ་ཏེ་ བཅའ་མར་ཧྲིལ་བུམ་སྦེ་ མ་གཏོགས་ཚུན་ཚོད་ གྲོང་གཡུས་ཀྱི་ དཀའ་ངལ་ཚུ་ སེལ་མི་ཚུགས་ནི་ཨིནམ་ ཤེས་རྟོགས་བྱུང་ཡི་ཟེར་ བཀྲིས་ཀྱིས་ སླབ་ཨིན་པས།
འཇིགས་མེད་ལྷུན་གྲུབ། སྦྱིས་-དཀའ་འཚོ་འདེམས་ཁོངས། ཧཱ།
སྐྱེས་ལོ་༢༨ ལང་མི་ འཇིགས་མེད་ལྷུན་གྲུབ་ཀྱི་དོན་ལུ་ སྲིད་དོན་ནང་ འཛུལ་ཞུགས་འབད་ནི་དེ་ གཙོ་བོ་ར་ དམངས་གཙོའི་རིང་ལུགས་ཀྱི་ ལམ་ཕྱོགས་གསར་པའི་ནང་ སོར་བསྒྱུར་འབད་མི་ རྒྱལ་ཁབ་ལུ་ ཕྱག་ཞུ་ཐབས་ལུ་ཨིན་པས།
ལྟ་བཤལ་ལས་སྡེ་ཅིག་ཡོད་མི་ འཇིགས་མེད་ལྷུན་གྲུབ་ཀྱིས་ ཧཱ་སྦྱིས་-དཀའ་འཚོ་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ལྟ་བཤལ་ལས་སྡེའི་ནང་ ལཱ་འབད་མི་དེ་གིས་ གྲོང་གཡུས་གནས་ཚད་ནང་ མི་སྡེ་ཚུ་དང་ འབྲེལ་འཛིན་འབདཝ་ད་ ལམ་སྲོལ་དང་ གོམས་གཤིས་ཚུ་གི་སྐོར་ལས་ ཤེས་རྟོགས་བྱུང་ཚུགས་ཅི་ཟེར་ཨིན་པས།
ཚེ་རིང་དོན་གྲུབ། དགོན་ཁ་སྟོད་-ལུང་ནག་ནང་འདེམས་ཁོངས། མགར་ས།
སྲིད་དོན་པ་སྦེ་ ཕྱག་ཞུ་ནི་གི་དོན་ལུ་ ལཱ་གཡོག་ལེགས་ཤོམ་ཅིག་ བཤོལ་བཞག་ཡོདཔ་སྦེ་སླབ་མི་ སྐྱེས་ལོ་༢༨ ལང་མི་ ཚེ་རིང་དོན་གྲུབ་དེ་ མགར་ས་དགོན་ཁ་སྟོད་-ལུང་ནག་ནང་འདེམས་ཁོངས་ཀྱི་དོན་ལུ་ མཉམ་རུབ་ཚོགས་པའི་ འདེམས་ངོ་ཨིན་པས།
ནང་པའི་མཐོ་རིམ་ཤེས་ཚད་ཡོད་མི་ འདེམས་ངོ་དེ་གིས་ གཞུང་དང་སྒེར་གྱི་སློབ་གྲྭ་ལེ་ཤ་ཅིག་ནང་ སློབ་སྟོན་འབད་ཡོདཔ་ད་ ང་ སྲིད་དོན་ནང་ འཛུལ་ཞུགས་འབད་མི་དེ་ཡང་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལཝ་ད་ འབྲུག་མི་ཡོངས་དང་ རྒྱལ་ཁབ་ལུ་ ཕྱག་ཞུ་སྟེ་ ཁྱད་པར་བཟོ་ནི་གི་ འགན་ཁུར་རྩ་ཅན་འབག་དགོཔ་ཡོད་མི་ལུ་བརྟེན་ཨིན་ཟེར་ ཚེ་རིང་དོན་གྲུབ་ཀྱིས་ སླབ་ཨིན་པས།
ཕུན་ཚོགས་རྣམ་རྒྱལ། ཆུ་སྨད་-ཨུ་ར་འདེམས་ཁོངས། བུམ་ཐང་།
སྤྱི་ལོ་༢༠༠༦ ལུ་ མཐོ་རིམ་སློབ་གྲྭ་མཇུག་བསྡུཝ་ཅིག་ བཟོ་སྐྲུན་ལས་སྡེའི་ནང་ ལཱ་འབད་མི་ སྐྱེས་ལོ་༢༧ ལང་མི་ ཕུན་ཚོགས་རྣམ་རྒྱལ་གྱིས་ རྒྱལ་ཁབ་ནང་འཁོད་ལུ་ བཟོ་སྐྲུན་ལས་འགུལ་མང་རབས་ཅིག་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
བཟོ་སྐྲུན་ལས་སྡེའི་ནང་ ལཱ་འབད་བའི་ ངེ་གི་ ཉམས་མྱོང་དེ་གིས་ གྲོང་གསེབ་མི་སྡེའི་ གནས་སྟངས་དང་ འབྲེལ་བ་འཐབ་ནི་གི་ གོ་སྐབས་བཟང་པོ་ཐོབ་ཅི་ཟེར་ བུམ་ཐང་ཆུ་སྨད་-ཨུ་ར་འདེམས་ཁོངས་ལས་ མཉམ་རུབ་ཚོགས་པའི་ འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ཨིན་མི་ ཕུན་ཚོགས་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
བསོད་ནམས་དོན་གྲུབ། ན་ནོང་-ཤུ་མར་འདེམས་ཁོངས། པདྨ་དགའ་ཚལ།
འདེམས་ངོ་གསརཔ་༨ ཀྱི་གྲས་ལས་ གཞོན་ཤོས་ཅིག་ཨིན་མི་ བསོད་ནམས་དོན་གྲུབ་ སྐྱེས་ལོ་༢༦ ལང་མི་དེ་ པདྨ་དགའ་ཚལ་ན་ནོང་-ཤུ་མར་འདེམས་ཁོངས་ཀྱི་དོན་ལུ་ མཉམ་རུབ་ཚོགས་པའི་ འདོམས་ངོ་ཨིན་པས།
མི་དབང་ཡབ་སྲས་གཉིས་ཀྱིས་ ང་བཅས་ལུ་ གནང་སྦྱིན་སྦེ་གནང་མི་ དམངས་གཙོའི་རིང་ལུགས་ནང་ ང་གིས་ ལྷན་ཐབས་འབད་ཚུགས་ནི་མས་མནོ་སྟེ་ སྲིད་ཚོགས་ནང་ འཛུལ་ཡོདཔ་ལས་ མི་ག་དང་ཡང་ དོ་འགྲན་འབད་ནི་ལུ་ དམིགས་ཏེ་ འཛུལ་འཛུལཝ་མེན་ཟེར་ བསོད་ནམས་དོན་གྲུབ་ཀྱིས་ སླབ་ཨིན་པས།
སངས་རྒྱས་ཕུར་པ། དཀར་སྦྱིས་-རྟ་ལོག་འདེམས་ཁོངས། སྤུ་ན་ཁ།
ལྟ་བཤལ་སྡེ་ཚན་ནང་ ལོ་ངོ་༢༠ ལྷགཔ་ཅིག་ ལཱ་འབད་བའི་ ཉམས་མྱོང་ཡོད་མི་ སྐྱེས་ལོ་༤༥ ལང་མི་ སངས་རྒྱས་ཕུར་པ་གིས་ ཁོ་རའི་ཚེ་གཡོག་ ལྟ་བཤལ་ལམ་སྟོན་པ་སྦེ་ འགོ་བཙུགས་པའི་ཤུལ་ལུ་ ལྟ་བཤལ་ལས་སྡེ་ཅིག་ གཞི་བཙུགས་འབད་ཡོདཔ་ད་ ཁོ་གིས་ ཚོགས་པའི་འདེམས་ངོ་སྦེ་ དཀར་སྦྱིས་-རྟ་ལོག་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།
སྲིད་དོན་ནང་ འཛུལ་ཞུགས་འབད་ནི་དེ་ འགན་ཁུར་སྦོམ་ཅིག་ཨིནམ་ལས་ ད་རིས་ འཛུལ་ཞུགས་འབད་བ་ཅིན་ རྒྱལ་ཁབ་ལུ་ ཕྱག་ཞུ་ནི་གི་ དུས་ཚོད་འོས་ལྡན་ཨིནམ་སྦེ་མནོ་སྟེ་ ཐག་བཅད་ཅི་ཟེར་ སངས་རྒྱས་ཕུར་པ་གིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment