གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་གྱི་ གདམ་ངོ་༣ གྱིས་ བསྐུལ་བསྒྲགས་ཚུ་ སྟབས་གཅིག་ཁར་འབད་དོ་ཡོདཔ།

༨/༤/༢༠༡༣   ཐབས་ལམ་དེ་གིས་ མི་སེར་ཚུ་ལུ་ ལཱ་ལྟོ་མ་ཆག་པའི་ ཕན་ཐོགས་བྱུང་སྟེ་ཡོདཔ་ཨིན་པས།
༉ མོང་སྒར་རྫོང་ཁག་གི་ གདམ་ངོ་༣ གྱིས་ མི་དམངས་བསྐུལ་བསྒྲགས་སོ་སོར་མིན་པར་ སྟབས་གཅིག་ཁར་འབད་མི་ལུ་བརྟེན་ མི་སེར་ཚུ་ལུ་ བྱ་སྟབས་བདེ་བའི་ཁར་ ལཱ་ལྟོ་མ་ཆག་པའི་ ཕན་ཁྱད་བྱུང་སྟེ་ཡོདཔ་ཨིན་པས།
མོང་སྒར་གྱི་ གདམ་ངོ་ཚུ་གིས་ བསྐུལ་བསྒྲགས་འབད་བའི་བསྒང་།


དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ དོ་འགྲན་འབད་ནི་ཨིན་མི་ ན་རང་རྒེད་འོག་ལས་ སློབ་གྲྭའི་སློབ་དཔོན་བགྲེསཔ་ སྐྱེས་ལོ་༣༣ ལང་མི་ ཚེ་རིང་དབང་ཆེན་དང་ སྔ་ཚང་རྒེད་འོག་ལས་ ན་ཧིང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ སྐྱེས་ལོ་༢༦ ལང་མི་ བསོད་ནམས་དབང་ཕྱུག་ དེ་ལས་ ས་གླིང་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ སྐྱེས་ལོ་༤༧ ལང་མི་ གནས་ཆུ་༣ གཡུས་སྒོ་ཚུ་ནང་ བསྐུལ་བསྒྲགས་འབད་བར་ གཅིག་ཁར་འགྱོ་བ་གིས་མ་ཚད་ བཞེས་སྒོ་བཟའ་ནི་དང་ ཞག་ཉལ་ས་ཚུ་ཡང་ གཅིག་ཁར་སྦེ་ ལག་ལེན་འཐབ་ཨིན་པས།
དེ་འབདཝ་ད་ རང་སོའི་བསྐུལ་བསྒྲགས་འབད་བའི་སྐབས་ལུ་རྐྱངམ་གཅིག་ གདམ་ངོ་ཚུ་ སླ་བསྲེས་ནི་མེདཔ་མ་ཚད་ གཅིག་གིས་ བསྐུལ་བསྒྲགས་འབད་མི་ལུ་ཡང་ ཉན་ནི་མེདཔ་ད་ གདམ་ངོ་༣ གྱི་ བསྐུལ་བསྒྲགས་ལས་རིམ་དེ་ སྤྱི་ཟླ་༤ པའི་ཚེས་༤ ལས་འགོ་བཙུགས་ཅི།
མོང་སྒར་རྫོང་ཁག་ནང་ རྒེད་འོག་༡༧ ཡོད་མི་ལས་ དང་པ་ར་ ས་གླིང་རྒེད་འོག་ བཱོག་གསར་སྤྱི་འོག་ལས་ འགོ་བཙུགས་ཡོདཔ་ད་ གདམ་ངོ་ཚུ་ བསྐུལ་བསྒྲགས་འབད་བར་འགྱོཝ་ད་ མི་སེར་ཚུ་གིས་ གདོང་བསུ་སྦེ་ ཇ་དང་ཁ་ཟས་ཚུ་ བྱིནམ་ཨིན་པས།
བསྐུལ་བསྒྲགས་ཀྱི་ གསལ་བཤད་དེ་ གཡུས་སྒོའི་ཁ་སྐད་དང་ ཡང་ཅིན་ ལུང་ཕྱོགས་ཀྱི་ སྐད་ནང་མེན་པར་ རྒྱལ་ཡོངས་སྐད་ཡིག་ཐོག་ལས་ འབད་མི་ལུ་བརྟེན་ མི་སེར་ལ་ལུ་ཅིག་ལུ་ ཁ་སྐད་ཧ་མ་གོ་བར་ དབུགས་འགམ་བྱུང་དོ་ཡོད་པའི་ མཐོང་གསལ་བྱུངམ་ཨིན་པས།
ཨིན་རུང་ གདམ་ངོ་༣ ཆ་ར་གིས་ གནད་དོན་དེ་གི་སྐོར་ལས་ ལེགས་ཤོམ་སྦེ་ གོ་བ་སྤྲོད་དོ་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ རྒྱལ་ཡོངས་སྐད་ཡིག་ཐོག་ལས་ བསྐུལ་བསྒྲགས་འབད་མི་དེ་ ཁོང་༣ གྱིས་ ཤར་ཕྱོགས་པའི་ ཁ་སྐད་མ་ཤེས་ནི་དེ་གིས་མེན་པར་ རྒྱལ་ཡོངས་སྐད་ཡིག་དེ་ རྒྱལ་ཁབ་ཀྱི་ ངོ་རྟགས་ཨིནམ་ལས་ བསྐུལ་བསྒྲགས་དེ་ཡང་ རྫོང་ཁ་ནང་ འབད་དགོཔ་སྦེ་ བཀའ་རྒྱ་གནང་སྟེ་ཡོད་མི་དང་བསྟུན་ཨིན་ཟེར་ཨིན་པས།
བསྐུལ་བསྒྲགས་དེ་ཡང་ དང་པ་ར་ ས་གླིང་རྒེད་འོག་ལས་ གདམ་འཐུ་གྲུབ་མི་ འདེམས་ངོ་གནས་ཆུ་གིས་ འགོ་བཙུགས་པའི་ཤུལ་ལུ་ སྔ་ཚང་རྒེད་འོག་གི་ གདམ་ངོ་བསོད་ནམས་དབང་ཕྱུག་དང་ ན་རང་རྒེད་འོག་གི་གདམ་ངོ་ ཚེ་རིང་དབང་ཕྱུག་གིས་ འབདཝ་ཨིན་པས།
གདམ་ངོ་གནས་ཆུ་གིས་ དང་པ་ར་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཁོ་གིས་ ཕྱག་ཕྱིད་ཞུ་ནི་གི་ གོ་སྐབས་ཐོབ་མི་དེ་ མི་སེར་ཚུ་གི་ རྒྱབ་སྐྱོར་ལས་བརྟེན་ཨིནམ་ལས་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ བཤད་པའི་ཁར་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཕྱག་ཞུ་ནི་གི་ཉམས་མྱོང་ཡང་ ཐོབ་ཡོདཔ་ལས་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ རྒྱལ་ཁབ་དང་ མི་སེར་ཚུ་ དམ་ཚིག་དཔང་ལུ་བཙུགས་ཏེ་ ཕྱག་ཞུ་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ ཕྱག་འགན་དེ་ ཁྲིམས་བཟོ་ནི་ཚུ་ཨིནམ་ལས་ གལ་སྲིད་ ཁོ་ བཙག་འཐུ་འགྲུབ་པ་ཅིན་ དམངས་གཙོའི་གཞུང་དང་ ཁྲིམས་ཀྱི་རིང་ལུགས་ རྩ་བརྟན་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ཀྱི་ ཉེན་སྲུང་དང་ རང་དབང་རང་བཙན་ རྩ་བརྟན་བཟོ་ནི་དང་ གོང་འཕེལ་གྱི་ ཁེ་ཕན་ཚུ་ འབྲུག་མི་ཆ་མཉམ་གྱིས་ འདྲ་མཉམ་འཐོབ་ཚུགསཔ་བཟོ་ནི་དང་ ན་གཞོན་དང་འབྲེལ་བའི་ དཀའ་ངལ་བསལ་ནི་ ཕྱུགཔོ་དང་སྤྱང་ཀའི་བར་ན་ འདྲ་མཉམ་བཟོ་ཐབས་ལུ་ སྲིད་བྱུས་དང་ཁྲིམས་ལུགས་ཚུ་ བསྐྱར་ཞིབ་འབད་ནི་ཟེར་ གནས་ཆུ་གིས་ བཤད་པའི་ཁར་ རྒྱལ་ཁབ་ཀྱི་རྒྱུ་ནོར་ ས་དང་ཐོན་ཁུངས་ བདག་དབང་གི་ བྱ་སྟབས་མ་བདེཝ་ཚུ་ བསལ་ཐབས་ལུ་ ཁྲིམས་ལུགས་ཚུ་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་ཐོག་ལས་ བསྐྱར་ཞིབ་འབད་དེ་ སྟབས་བདེ་ཏོག་ཏོ་བཟོ་ནི་ཟེར་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ བསོད་ནམས་དབང་ཕྱུག་གིས་འབད་བ་ཅིན་ ཁོ་ར་ གལ་སྲིད་ བཙག་འཐུ་འགྲུབ་པ་ཅིན་ སྲིད་བྱུས་དང་ དཔྱད་ཡིག་ཚུ་དང་ ཁྲིམས་ཡིག་གཞན་ གཞུང་གི་མཛད་སྒོའི་ བརྟག་ཞིབ་ཚུ་ མི་མང་དང་ བསྐྱར་ཞིབ་འབད་ཐོག་ལས་ གཞུང་གིས་ མི་སེར་གྱི་ རེ་འདོད་བསྐང་ནི་དང་ རྒྱལ་ཁབ་ཀྱི་མཐའ་དོན་ ཉེན་སྲུང་ཐབས་ལམ་ཚུ་ བསྒྲིག་ནི་ལུ་ གཙོ་རིམ་བཟུང་ནི་ཟེར་ཨིན་པས།
ས་གནས་གཞུང་ལུ་ དངུལ་འབྲེལ་གྱི་ དབང་ཚད་མངམ་ འཐོབ་ཚུགསཔ་བཟོ་ནིའི་དོན་ལུ་ དཔལ་འབྱོར་གྱི་ ལྟེ་བ་ཅིག་ མོང་སྒར་ལུང་ཕྱོགས་ནང་ གཞི་བཙུགས་འའབད་ནི་ཨིནམ་མ་ཚད་ རྒྱལ་ཡོངས་ཚོགས་སྡེའི་ ཕྱག་འགན་དེ་ རྒྱལ་ཁབ་ནང་ ཕན་རླབས་ཆེ་བའི་ ཁྲིམས་དང་ སྲིད་བྱུས་བརྩམ་ནི་ཚུ་ཨིནམ་ལས་ མི་སེར་ཚུ་གིས་མ་དོ་བར་ རྒེད་འོག་དང་ རྫོང་ཁག་ཚོགས་འདུ་ཚུ་དང་ གྲོས་བསྟུན་འབད་ཐོག་ལས་ ཕྱག་ཕྱིད་ཞུ་ནི་ཟེར་ གདམ་ངོ་བསོད་ནམས་དབང་ཕྱུག་གིས་ སླབ་ཨིན་པས།
དེ་མ་ཚད་ ངན་ལྷད་ཀྱི་ལཱ་དེ་ རྩ་མེད་བཟོ་ནི་དང་ ཁོ་ར་ཡང་ ན་གཞོན་ཅིག་འབད་བ་ལུ་བརྟེན་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ དཀའ་ངལ་བསལ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ གཞུང་གི་སྲིད་བྱུས་དང་ ཁྲིམས་ལུགས་ལེགས་བཅོས་འབད་ནི་དང་ བསྐྱར་ཞིབ་འབད་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ལུ་ ལཱ་གི་ཉམས་མྱོང་དེ་ རང་བཞིན་གྱིས་ ཚུད་འོང་ཟེར་ཨིནམ་ད་ དེ་ཡང་ གཉའ་ཤིང་དེ་ ལྟག་ལྐོག་གུ་མ་བཀལ་ཚུན་ ག་གིས་ཡང་ ལཱ་འགན་ཧ་མི་གོ་ནི་ཨིནམ་ལས་ གཉའ་ཤིང་བཀལ་བའི་བསྒང་ལས་ རང་བཞིན་གྱིས་ ལཱ་འབད་དགོ་ཟེར་ཨིནམ་ད་ དཀའཝ་སྦོམ་སྤྱད་མི་ མི་དེ་གིས་ མི་སེར་ཚུ་ལུ་ ཕན་སྦོམ་ཐོགས་ཚུགས་ཟེར་ སླབ་ཨིན་པས།
དེ་ལས་ གདམ་ངོ་ཚེ་རིང་དབང་ཆེན་གྱིས་ སླབ་མིའི་ནང་ གལ་སྲིད་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ མི་སྡེ་དང་ ཁྱིམ་ཚང་ཚུ་གི་བར་ན་ མཐུན་ལམ་ཡར་དྲག་གཏང་ནིའི་དོན་ལུ་ མི་སེར་དང་ གཞུང་གི་བར་ན་ མཉམ་འབྲེལ་གྱི་ ཐབས་ལམ་ཚུ་ བཏོན་ཐོག་ལས་ ཞི་བདེ་ལུ་ བརྩོན་ཐབས་བསྒྲིག་ནི་ཟེར་ཨིན་པས།
ད་རུང་ རྒྱལ་ཁབ་ནང་ ཁྲིམས་དེ་ ལེགས་ཤོམ་མེད་པ་ཅིན་ མི་སེར་ཚུ་ལུ་ དགའ་སྐྱིད་མི་འོང་ནི་ཨིནམ་ལས་ མི་སེར་ཞི་བདེ་ཀྱི་དོན་ལུ་ ཁྲིམས་དང་སྲིད་བྱུས་ཚུ་ ལེགས་ཤོམ་བརྩམ་ཐོག་ལས་ མི་སེར་དང་ གཞུང་གི་བར་ན་ ཟམ་བཟུམ་ཅིག་སྦེ་ ལཱ་འབད་ནི་ཟེར་གདམ་ངོ་ཚེ་རིང་དབང་ཆེན་གྱིས་ བཤད་པའི་ཁར་ མི་སེར་ཚུ་ལུ་ ཐད་ཀར་དུ་ ཕན་ཐོགས་ཚུགས་དགོ་པ་ཅིན་ མི་སེར་ཚུ་གི་ སྐྱིད་སྡུག་བལྟ་ནིའི་དོན་ལུ་ ཡིག་ཚང་དེ་ རྫོང་ཁག་ནང་ གཞི་བཙུགས་འབད་ནི་ཟེར་ བཤདཔ་ཨིན་པས།
དེ་ཡང་ ཟླཝ་༦ དེ་ཅིག་ ཐིམ་ཕུ་དང་ ཟླཝ་༦ དེ་ཅིག་ རྫོང་ཁག་ནང་ སྡོད་པ་ཅིན་ མི་སེར་གྱི་ དཀའ་ངལ་ཚུ་ ཧ་གོ་ཚུགས་ནི་དང་ མི་སེར་ཚུ་དང་ གྲོས་བསྟུན་འབད་ཐོག་ལས་ གསུང་གྲོས་ཀྱི་དོན་ལུ་ ཚོགས་ཁང་ནང་ གྲོས་གཞི་ཕུལ་ནི་ཟེར་ ཁོ་གིས་ སླབ་པའི་ཁར་ ཤེས་རིག་གི་ སྤུས་ཚད་ལེགས་བཅོས་བཟོ་ནི་ལུ་ སྲིད་བྱུས་དང་ ལམ་ལུགས་ལེགས་བཅོས་འབད་ནི་ ཁྲིམས་ལུགས་དང་སྲིད་བྱུས་ཚུ་ མ་བཟོ་བའི་ཧེ་མར་ མི་སེར་ཚུ་དང་ བསྟུན་གྲོས་འབད་དེ་ གྲོང་གསེབ་ཡར་རྒྱས་གཏང་ནི་ཟེར་ཨིནམ་ད་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་བརྩམ་ད་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་མེད་པར་ མི་འབད་ཟེར་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ ཁོ་ལུ་ ལྕོགས་གྲུབ་འདུག་ཟེར་ མནོ་བསམ་བཏང་སྟེ་ བཙག་འཐུ་འགྲུབ་པ་ཅིན་ ཁོ་གིས་ ད་ལྟོ་ ཁས་བླངས་འབད་མི་ཚུ་ ཤུལ་ལས་ མི་སེར་ཚུ་ལུ་ བློ་འགྱོད་བསྐྱེད་དགོཔ་མེད་པའི་ཐོག་ལས་ དམ་ཚིག་དཔང་ལུ་བཙུགས་ཏེ་ ཕྱག་ཞུ་ནི་ཨིན་ཟེར་བའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment