གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༨/༤/༢༠༡༣   མི་སེར་ཚུ་ལུ་ གོ་བརྡ་སྤྲོད་ནི་གལ་ཆེ། 
༉ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ གཞུང་འབྲེལ་ཐོག་ བསྐུལ་བསྒྲགས་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ གདམ་ངོ་༦༧ གྱིས་ གཡུས་སྒོ་བཤལ་ཏེ་ ཁོང་རའི་སྐོར་ ངོ་སྤྲོད་འབད་ནི་དང་ ཁས་བླངས་གསལ་བསྒྲགས་ཚུ་ འབད་དང་འབད་བཞིན་དུ་ཡོདཔ་ཨིན།


དེ་མ་ཚད་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་ བཙག་འཐུ་ལྷན་ཚོགས་ཀྱིས་ ཕྱི་རུ་ཨ་རྟག་ར་ རྒྱང་མཐོང་ཊི་བི་ཐོག་ལས་ གདམ་ངོ་ཚུ་གི་བར་ན་ མི་མང་རྩོད་བསྡུར་འགོ་འདྲེན་འཐབ་མི་དེ་གིས་ མི་སེར་ཚུ་ལུ་ གདམ་ངོ་ག་གིས་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཞུ་ཚུགས་ནི་ཨིན་ན་ གདམ་ཁ་རྐྱབ་ནི་གི་ གོ་སྐབས་བྱིན་ནི་ཨིན་མས།
ད་རུང་ གདམ་ངོ་སོ་སོའི་དོན་ལུ་ འཛོམས་འདུ་ལོགས་སུ་སྦེ་ འགོ་འདྲེན་འཐབ་མ་དགོ་པར་ སྤྱིར་བཏང་གྲོས་གནས་ཟེར་མི་ བསྐུལ་བསྒྲགས་སྟབས་གཅིག་ཁར་ འབད་མི་དེ་གིས་ མི་སེར་ཚུ་ འཛོམས་འདུ་ནང་ ལོག་ཅི་ལོག་ཅི་ར་ འོང་མ་དགོ་པའི་ ཕན་ཁྱད་བྱུང་ནུག།
འདི་འབདཝ་ད་ བསྐུལ་བསྒྲགས་ཚུ་ གཙོ་བོ་ར་ ས་གནས་ཀྱི་ ཁ་སྐད་དང་ ཤར་ཕྱོགས་ཀྱི་ ཁ་སྐད་ནང་མིན་པར་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁག་ནང་ འབད་མི་ལུ་བརྟེན་ དཔེར་ན་ མོང་སྒར་རྫོང་ཁག་གི་ མཐའ་ཟུར་རྒེད་འོག་ སི་ལམ་སྦིས་དང་ དགོངས་འདུ་ཚུ་ནང་ མི་སེར་ཚུ་གིས་ ཧ་མ་གོ་བར་ འཛོམས་འདུ་ཚུ་ སོ་ནམ་ཞིང་པ་ཚུ་གི་དོན་ལུ་ ལཱ་ལྟོ་ཆག་ནི་ཅིག་ལས་བརྒལ་མེདཔ་སྦེ་ ཉོགས་བཤད་བཀོདཔ་ཨིན་མས།
སྤྱིར་བཏང་མི་མང་གིས་ གྲོང་གཡུས་གནས་རིམ་ནང་ བསྐུལ་བསྒྲགས་ཚུ་ རྫོང་ཁའི་ནང་ར་ འབད་དགོཔ་ཨིན་ན་ཟེར་ དྲི་བཀོད་འབདཝ་ཨིན་མས།
བསྐུལ་བསྒྲགས་ཀྱི་སྐབས་ལུ་ གདམ་ངོ་ཚུ་གིས་ ག་ཅི་སྐོར་ལས་ གསལ་བཤད་འབདཝ་ཨིན་ན་ མི་སེར་ཚུ་གིས་ ཧ་མ་གོ་བ་ཅིན་ དམངས་གཙོའི་བྱ་རིམ་ནང་ ཚུལ་ལྡན་སྦེ་ བཅའ་མར་གཏོགས་མི་ཚུགས་ནི་དང་ བསྐུལ་བསྒྲགས་འབད་མི་ཚུ་གིས་ཡང་ ཁྱད་པར་ཅིག་ བཟོ་མི་ཚུགས་ནི་ཨིན་མས།
ད་རིས་བཟུམ་མའི་ གནས་སྟངས་ནང་ མི་སེར་ཚུ་གིས་ གདམ་ངོ་ག་བཟུམ་ཅིག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་དང་ ཁོང་གི་ཐབས་བྱུས་ག་ཅི་ར་ཨིན་ན་ ཤེས་དགོཔ་དེ་གལ་ཆེ།
མ་གཞི་ རྒྱང་མཐོང་གི་ རྩོད་བསྡུར་དང་ རྒྱལ་ཡོངས་གནས་རིམ་ དཔེར་ན་ སྤྱི་ཚོགས་ནང་ གྲོས་བསྡུར་ཚུ་ག་ར་ རྒྱལ་ཁབ་ཀྱི་ ངོ་རྟགས་ཅིག་ཨིན་མི་ རྒྱལ་ཡོངས་སྐད་ཡིག་ནང་ འབད་དགོཔ་དེ་ གལ་ཆེ་ནི་ཨིན་རུང་ རྫོང་ཁ་རྩ་ལས་ར་ མ་ཤེས་པའི་ མི་གནགཔ་ཚུ་གི་ཐད་ལུ་ རྫོང་ཁ་ནང་ གསལ་བཤད་འབད་ནི་དེ་ འོས་འབབ་དང་ལྡནམ་སྦེ་ མི་མཐོང་པས།
མཐའ་ཟུར་ནང་ སྡོད་མི་ཚུ་ལུ་ ས་གནས་ཀྱི་ཁ་སྐད་ དཔེར་ན་ ཁེངས་ཁ་དང་ ཀུར་སྟོདཔ་ ཚང་ལ་ཁ་ ལྷོ་མཚམས་ བུམ་ཐངཔ་ མང་སྡེའི་ཁ་སྐད་ཚུ་གི་ཐོག་ལས་ བསྐུལ་བསྒྲགས་ཚུ་འབད་རུང་ མ་བཏུབ་ཅིག་ མི་མཐོང་པས།
འདི་འབདཝ་ད་ གདམ་ངོ་དང་ སྲིད་དོན་པ་ཚུ་གིས་ རང་སོའི་ངོ་སྤྲོད་པར་བྱང་དང་ བསྐུལ་བསྒྲགས་ཀྱི་ ཡིག་བྱང་ཚུ་ ཨིང་སྐད་མ་ཤེས་པའི་ མི་སྡེ་ཚུ་ནང་ ཕྱི་སྐད་ཨིང་ལིཤ་ཐོག་ལུ་ བགོ་བཀྲམ་འབད་མི་དེ་ཡང་ བར་སྟོང་འགྱོ་ནི་བཟུམ་ཅིག་ མཐོང་སྣང་བྱུང་མི་དེ་ཡང་ གཡུས་སྒོ་ཚུ་ནང་ལས་ཕར་ མི་སེར་མང་རབས་ཅིག་གིས་ གཞི་རྟེན་ཤེས་ཡོན་ལྷབ་མི་ལུ་བརྟེན་ རྫོང་ཁའི་འབྲི་ལྷག་ཤེས་དོ་ཡོདཔ་ལས་ ཁོང་གི་དོན་ལུ་ བརྡ་འཕྲིན་དང་ ཁས་བླངས་གསལ་བསྒྲགས་ཚུ་ རྫོང་ཁའི་ཐོག་ལུ་ འབད་བ་ཅིན་ ཁྱད་པར་བཟོ་ནི་ལུ་ ལྷན་ཐབས་འབྱུང་ནི་གི་ འོས་འབབ་ཡོདཔ་ཨིན།
མི་སེར་ཚུ་གིས་ ཤེས་དགོཔ་དང་ ཧ་དགོཔ་དེ་ར་ ཁོང་གིས་ གདམ་ངོ་ལུ་ ག་ཅི་སྦེ་ ཚོགས་རྒྱན་བཙུགས་དགོཔ་ཨིན་ན་ དམངས་གཙོའི་རིང་ལུགས་ཀྱི་ གཞི་རྩ་ཧ་གོ་ནི་དེ་ཨིནམ་ལས་ རྒྱལ་ཡོངས་སྐད་ཡིག་ མི་ཉམས་གོང་འཕེལ་དང་ དར་ཁྱབ་གཏངམ་དང་གཅིག་ཁར་ མི་སེར་ཚུ་གི་ སྟབས་བདེ་སྡུག་ལུ་ལྟ་སྟེ་ གཡུས་སྒོ་སོ་སོའི་ ཁ་སྐད་ཚུ་གི་ཐོག་ལུ་ གོ་བརྡ་སྤྲོད་ནི་གི་ ཐབས་ལམ་ཡང་ བཏོན་དགོཔ་འདུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment