གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་དང་ བང་ལ་དེཤི་གི་བར་ན་ ཟུང་ཕྱོགས་གྲོས་སྟོན་འགོ་དང་པ་ འགོ་འདྲེན་འཐབ་ནི།

༡/༤/༢༠༡༣   ༉ འབྲུག་གཞུང་དང་ བང་ལ་དེཤི་གི་བར་ན་ ཟུང་ཕྱོགས་གྲོས་སྟོན་འགོ་དང་པ་དེ་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢ ལུ་ བང་ལ་དེཤི་གི་རྒྱལ་ས་ ཌ་ཀ་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་པས།


ཕྱི་འབྲེལ་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ འབྲེལ་གཏོགས་འབད་ནི་ཨིན་མི་ འབྲུག་པའི་སྡེ་ཚན་དེ་ ཕྱི་འབྲེལ་དྲུང་ཆེན་ ཡེ་ཤེས་རྡོ་རྗེ་གིས་ འགོ་ཁྲིད་འབད་ནི་ཨིནམ་ད་ གྲོས་སྟོན་སྐབས་ སྡེ་ཚན་༢ ཀྱི་བར་ན་ སྲིད་དོན་ཁག་ཅན་ཚུ་དང་ ལུང་ཕྱོགས་དང་ རྒྱལ་སྤྱིའི་སྤྲོ་བ་ཚུ་ཚུད་པའི་ དཔལ་འབྱོར་གྱི་ གདན་དོན་ཚུ་གི་སྐོར་ལས་ཡང་ གྲོས་བསྡུར་འབད་ནི་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཁབ་༢ ཀྱི་བར་ན་ ཟུང་ཕྱོགས་གྲོས་སྟོན་ཚུ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནིའི་ ལས་རིམ་ཅིག་སྦེ་ བཟོ་ནིའི་དོན་ལུ་ ཆིངས་ཡིག་ཅིག་གུ་ མཚན་རྟགས་ཡང་ བཀོད་གནང་ནི་ཨིན་པས།
བང་ལ་དེཤི་དང་ འབྲུག་༢ གི་བར་ནའི་མཐུན་འབྲེལ་དེ་ སྤྱི་ལོ་༡༩༧༡ ལུ་ བང་ལ་དེཤི་རྒྱལ་ཁབ་ རང་དབང་ཐོབ་ལས་ར་ འགོ་བཙུགས་ཏེ་ གནས་ཡོདཔ་བཞིན་དུ་ཡོདཔ་ད་ འབྲུག་འདི་ བང་ལ་དེཤི་རྒྱལ་ཁབ་ རང་དབང་ཨིནམ་སྦེ་ ངོས་འཛིན་འབད་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ གཅིག་ཨིན་པས།
དུས་ཚོད་དེ་ལས་འགོ་བཟུང་སྟེ་ རྒྱལ་ཁབ་༢ ཀྱི་བར་ན་ མཐུན་འབྲེལ་དང་ མཉམ་འབྲེལ་ཚུ་ཡང་ རྒྱ་ཆེ་དྲགས་སྦེ་ར་ བྱུང་ཡོདཔ་མ་ཚད་ སྤྱི་ལོ་༡༩༨༠ ལས་ འགོ་བཟུང་སྟེ་ གཞུང་ཚབ་ཡིག་ཚང་ཚུ་ཡང་ གཞི་བཙུགས་འབད་ཡོདཔ་ཨིན་པས།
བང་ལ་དེཤི་དེ་ འབྲུག་གི་ ཚོང་འབྲེལ་མཉམ་འབྲེལ་བ་ སྦོམ་ཤོས་ཚུ་གི་གྲངས་སུ་ཨིནམ་བཞིན་དུ་ སྤྱི་ལོ་༢༠༡༡ ལུ་ ཚོང་འབྲེལ་གྱི་ཚད་གཞི་ དངུལ་ཀྲམ་དུང་ཕྱུར་༡.༤ གནས་ཡོདཔ་ད་ རྒྱལ་ཁབ་༢ ཀྱི་བར་ནའི་ ཚོང་འབྲེལ་གན་ཡིག་དེ་ནང་ ཅ་ཆས་ཀྱི་རིགས་༡༨ དེ་ཅིག་ལུ་ ཁྲལ་མེད་པར་ ཚོང་འབྲེལ་འཐབ་ཆོགཔ་སྦེ་ ཡོདཔ་ཨིན་པས།
དེ་གིས་ འབྲུག་པའི་ཐོན་སྐྱེད་ཚུ་ བང་ལ་དེཤི་རྒྱལ་ཁབ་ནང་ ཕྱིར་ཚོང་འཐབ་ཚུགསཔ་ བཟོ་ཡོདཔ་ཨིན་པས།
བང་ལ་དེཤི་གིས་ འབྲུག་པའི་མི་སྟོབས་སྡེ་ཚན་ནང་ གྲོགས་རམ་སྦོམ་འབད་ཡོདཔ་བཞིན་དུ་ ད་རེས་ འབྲུག་པའི་སློབ་ཕྲུག་༡༢༠ དེ་ཅིག་ བང་ལ་དེཤི་ལུ་ སྨན་རིགས་དང་ བཟོ་རིགས་དང་འབྲེལ་བའི་ སྦྱོང་བརྡར་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།
ཟུང་ཕྱོགས་གྲོས་སྟོན་གྱི་སྐབས་ ཕྱི་འབྲེལ་དྲུང་ཆེན་ ཡེ་ཤེས་རྡོ་རྗེ་གིས་ བང་ལ་དེཤི་གི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ དི་པུ་ མཱོ་ནི་དང་ཡང་ འཕྱད་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment