གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་ལུ་ ས་ཁྲམ་འཆང་མི་༣,༡༧༣ ལུ་ སའི་སྐྱིད་སྡུག་གནང་ཡོདཔ།

༡/༤/༢༠༡༣   དེ་དང་གཅིག་ཁར་ མི་དབང་མཆོག་གིས་ མི་སེར་ཚུ་ལུ་ བཙག་འཐུའི་བྱ་རིམ་ཚུ་ནང་ བཅའ་མར་གཏོགས་དགོ་པའི་ བཀའ་བསྐུལ་གནང་ནུག།
༉ སྤྱི་ཟླ་༣ པའི་ཚེས་༣༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཧཱ་རྫོང་ཁག་དང་ ཁྲོམ་སྡེ་ནང་ ས་ཁྲམ་འཆང་མི་༣,༡༧༣ ལུ་ ས་ཆའི་སྐྱིད་སྡུག་གནང་ཡོད་མི་དེ་ཡང་ རྒྱལ་ཡོངས་ས་ཆ་བསྐྱར་འཇལ་ལས་རིམ་མཇུག་བསྡུ་བའི་ཤུལ་ལས་ གནད་དོན་དེ་ཚུ་ མི་དབང་མཆོག་ལུ་ ཕུལ་མི་དང་འཁྲིལ་ཨིན་པས། 
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་སེར་ཚུ་དང་ ཞལ་འདྲིས་གནང་པའི་བསྒང་།


ད་རིས་ ས་ཆའི་སྐྱིད་སྡུག་ཐོབ་མི་ཚུ་ལུ་ ས་ཐེབས་ཐོན་མི་དང་ ཁྱིམ་དང་ལྷ་ཁང་བཟོ་སྐྲུན་ ཡང་ཅིན་ རྒྱལ་ཁམས་ཀྱི་ས་ཆ་ནང་ ལོ་ཐོག་བཏབ་ནི་ དེ་ལས་ ཐོ་བཀོད་ཚུ་ནང་ལས་ ས་ཁྲམ་འཛགས་ལུས་ཤོར་བ་ལ་སོགས་པའི་ ས་ཆ་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་ལེ་ཤ་བྱུང་ཡོདཔ་སྦེ་ ས་ཆ་བསྐྱར་འཇལ་སྙན་ཞུའི་ནང་ གསལ་བཀོད་འབད་ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པར་ ས་ཆ་ཚུ་ འཛོལ་བ་མེདཔ་སྦེ་ འཇལ་ཐོག་ལས་ ད་ལྟོ་ཡོད་མི་ ས་ཆ་དང་འབྲེལ་བའི་ དཀའ་ངལ་དང་ སྟབས་མ་བདེཝ་ཚུ་ རྩ་བ་ལས་ བསལ་དགོ་པའི་ བཀའ་སློབ་གནང་མི་དང་བསྟུན་ སྤྱི་ལོ་༢༠༠༧ ལུ་ ཀེ་ཌཱསི་ཊཱལ་འཕྲུལ་ཆས་ཐོག་ རྒྱལ་ཡོངས་ས་ཆ་བསྐྱར་འཇལ་ལས་རིམ་ འགོ་བཙུགས་ཡོདཔ་ཨིན་པས།
མི་དབང་མངའ་ཞབས་མཆོག་གིས་ ཁྲམ་འཆང་མི་ ངོ་ཚབ་ཚུ་ལུ་ གསུངས་མིའི་ནང་ ས་ཆ་དེ་ བཟའ་ཚང་གི་ རྒྱུ་ནོར་རམ་ ཕ་གཞིས་ཅིག་ཨིན་པའི་ཁར་ དེ་ལུ་བརྟེན་ཏེ་ རང་སོའི་ མི་ཚེའི་གནས་སྟངས་ལེགས་ཤོམ་སྦེ་ སྐྱོང་ཚུགསཔ་ལས་ མི་སེར་ཚུ་གི་དོན་ལུ་ ག་ནི་བ་ རྩ་ཆེ་བའི་ རྒྱུ་ནོར་ཅིག་ཨིནམ་ད་ དེ་འབདཝ་ལས་ ས་ཆའི་སྐྱིད་སྡུག་ཐོབ་མི་ཚུ་ལུ་ རང་སོའི་ས་ཞིང་སྲུང་སྐྱོབ་འབད་དགོཔ་ གལ་ཆེ་བའི་སྐོར་ ངོ་ཚབ་ཚུ་གིས་ བཀའ་སྐྱོར་དགོཔ་སྦེ་ བཀའ་རྒྱ་གནང་ཡི་ཟེར་ རྒྱལ་པོའི་བརྡ་དཔོན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ས་ཆ་འདི་ ཁྱེད་ཆ་ཁྱབ་ཀྱིས་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་སྟེ་ འཕྲོ་བརླག་མ་བཏང་པར་ མ་བཏུབ་བཏུབ་སྦེ་ སྤྱོད་ནི་དང་ ཁྱེད་རའི་ཨ་ལུ་ཚུ་གི་ མི་ཚེ་སྐྱོང་ནིའི་ ཕན་ཐབས་ལུ་ ལག་ལེན་འཐབ་འོང་མནོ་སྟེ་ ཁྱེད་ལུ་ རྩིས་སྤྲོདཔ་ཨིན་ཟེར་ མི་དབང་མཆོག་གིས་ གསུངས་གནང་ནུག།
ད་རུང་ མི་དབང་མངའ་ཞབས་མཆོག་གིས་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ བཙག་འཐུ་ཚུ་ནང་ མི་སེར་ཚུ་གིས་ བཅའ་མར་གཏོགས་དགོ་པའི་ བཀའ་བསྐུལ་གནང་ཡོདཔ་ད་ ཧེ་མའི་བཙག་འཐུ་ཚུ་ནང་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་བརྒྱ་ཆ་༨༠ དེ་ཅིག་ཨིནམ་ལས་ ད་རིས་ཀྱི་ནང་ ཁྱེད་མི་སེར་ཚུ་གིས་ འབྲེལ་གཏོགས་འབད་དེ་ འདི་བ་དྲགཔ་སྦེ་ གྲུབ་འབྲས་འཐོན་དགོ་ཟེར་ བཀའ་སློབ་གནང་ཡོདཔ་མ་ཚད་ ཁྱེད་ཆ་ཆ་ཁྱབ་ཀྱིས་ ལོ་ངོ་༥ ནང་ ཚར་རེ་ལས་བརྒལ་ ཚོགས་རྒྱན་བཙུགས་ནི་མེདཔ་ལས་ གོ་སྐབས་ཚར་རེ་ཐོབ་མི་དེ་ འཕྲོ་བརླག་གཏང་ནི་མི་འོང་ཟེར་ གསུངས་གནང་ནུག།
སྤྱི་ཟླ་༣ པའི་ཚེས་༢༩ ལུ་ ཧཱ་ལུ་ཕེབས་མི་ མི་དབང་མཆོག་གིས་ མི་སེར་ཚུ་ལུ་ ལྟོ་ཁ་གནང་པའི་ཤུལ་ལས་ མི་སེར་དང་ ཞལ་འདྲིས་གནང་ཡོདཔ་ད་ མི་དབང་མཆོག་དང་ ཕྱག་ཞུ་སྟེ་ མི་དབང་རྒྱལ་བཙུན་ བྱོན་ཡོདཔ་ཨིན་པས།
མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ ཧཱ་ལུ་ འཇམ་དཔལ་དང་ གོང་གཟིམ་ཨྱོན་རྡོ་རྗེ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ གཟིགས་སྐོར་གནང་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ སྐྱིད་སྡུག་ཞུ་མི་ ངོ་རྐྱང་ཚུ་དང་ མཇལ་ཕྲད་ཐོག་ རྒྱལ་པོའི་ལྟོ་གཟན་དང་ མི་རྩིས་ དེ་ལས་ སྐྱིད་སྡུག་གཞན་ཚུ་ གནང་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment