གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཟོང་གིས་གསོབ་བྱིན་མི་ ན་གཞོན་ཅིག་ འཛིན་བཟུང་འབད་ཡོདཔ།

༡/༤/༢༠༡༣   ༉ ཐིམ་ཕུ་ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༢༢ ལང་མི་ ཕོ་སྐྱེས་ཅིག་གིས་ འཕྲལ་ཁམས་ཅིག་ཁར་ ཁོ་རའི་ ངོ་ཤེས་མི་ ཆ་རོགས་ཅིག་ལུ་ གཟོང་གིས་གསོབ་བྱིན་མི་ལུ་བརྟེན་ ད་ལྟོ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་ ཁ་ཙ་ དྲོ་པའི་ཆུ་ཚོད་ཕྱེད་དང་༥ དེ་ཅིག་ཁར་ གླ་འཁོར་བཞག་སའི་ ས་ཁོངས་ཀྱི་སྦོ་ལོགས་ཁར་ཡོད་མི་ ཆང་ཁང་ཅིག་གི་ ཕྱི་ཁར་བྱུང་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་གིས་ སྐྱེས་ལོ་༡༩ ལང་མི་ ཉམས་རྒུདཔ་དེ་ལུ་ གཟོང་གིས་ མགུ་ཏོ་གུ་ཚར་ཅིག་དང་ སྒལ་ཏོ་གཡོན་ཁ་ཐུག་ལུ་ཚར་༢ དེ་ལས་ ཕྱག་ལྟག་གཡོན་ཁ་ཐུག་ལུ་ཚར་༡ ཨ་བུག་གཡོན་ཁ་ཐུག་ལུ་ཡང་ ཚར་༡ གསོབ་བྱིན་མི་ལུ་བརྟེན་ དེ་འཕྲོ་ལས་ སྨན་ཁང་ནང་ བསྐྱལ་བའི་ཤུལ་ལུ་ སྨན་བཅོས་འབད་དེ་ ཁ་ཙ་ར་ བཏང་ཡོདཔ་ཨིན་པས།
སྨན་ཁང་གི་སྙན་ཞུ་དང་འཁྲིལཝ་ད་ ཉམས་རྒུདཔ་ཕོ་སྐྱེས་དེ་ གཟུགས་ཀྱི་ནང་ན་ལུ་ གནོད་སྐྱོན་སྦོམ་མ་བྱུང་མས་ཟེར་ བཀོད་ཡོདཔ་ད་ རྐྱེན་ངན་བྱུང་པའི་སྐབས་ ཁོང་༢ ཆ་ར་ ཆང་གིས་འགྲངས་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་གིས་ རྐྱེན་ངན་བྱུང་པའི་ཤུལ་ལས་ བྱོག་སོང་ཡོདཔ་ཨིན་རུང་ དེ་ཚེ་དྲོ་པ་ར་ ཁོ་རའི་ ཨའི་གི་ཚོང་ཁང་ནང་ ལོག་འོངམ་ད་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ དོ་དམ་ནང་ བཙུགས་ཡོདཔ་ད་ ཁོ་གིས་ ན་ཧིང་ སྤྱི་ལོ་༢༠༡༢ ལུ་ཡང་ ཕོ་སྐྱེས་ཅིག་ལུ་ གྱི་གསོབ་སྟེ་ བརྩོན་ཁྲིམས་ལོ་༡ ཕོག་ཡོདཔ་ཨིན་པས།
དོགས་ཅན་གྱིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་ཕུལ་མི་དང་འཁྲིལཝ་ད་ ཁོང་གཉིས་ ཆང་འཐུང་ཚར་བའི་ཤུལ་ལུ་ ཁ་ཤགས་རྐྱབ་སྟེ་ ཉམས་རྒུད་པའི་ ཨོལ་ལྐོག་གུ་ བཤེད་འོང་ཡོདཔ་ལས་ གཟོང་གིས་བླུགས་བྱིན་ཡོད་རུང་ ཚར་ག་དེམ་ཅིག་ བླུགས་ཡོདཔ་ཨིན་ན་ དྲན་མི་ཚུགས་པས་ཟེར་ བཤདཔ་ཨིན་པས།
ཉམས་རྒུདཔ་ཕོ་སྐྱེས་དེ་ སྤུ་ན་ཁ་ བཀྲ་ཤིས་སྡིངས་ཁ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་རུང་ ཁོ་གི་ཨ་པ་དེ་ བསམ་རྩེ་ལུ་ བསྟན་སྲུང་དམག་མི་ཨིན་ཟེར་ སླབ་མ་གཏོགས་ བརྒྱུད་འཕྲིན་ཨང་ཚུ་ མི་ཤེས་པས་ཟེར་ཨིནམ་ད་ དོགས་ཅན་ཕོ་སྐྱེས་དེ་ རྩི་རང་ལས་ཨིན་པས།
རྐྱེན་ངན་གྱི་སྐབས་ལུ་ དོགས་ཅན་ཕོ་སྐྱེས་ཀྱི་ ཆ་རོགས་༣ གྱིས་ ཁོ་ལུ་ གཟོང་བྱིན་ཡོདཔ་སྦེ་ སླབ་ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ དེ་གི་སྐོར་ལས་ ད་ལྟོ་ དྲི་དཔྱད་མ་འབད་བར་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment