གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེ་རྫོང་ཁག་གིས་ བཟོ་སྐྲུན་ལས་སྡེ་ཅིག་ ནག་ཐོའི་ནང་བཀོད་ཡོདཔ།

༢/༤/༢༠༡༣   དེ་ཡང་ ཁག་འབགཔ་དེ་གིས་ རྒེད་འོག་གི་ སྦྲེལ་མཐུད་ལམ་ ལེགས་བཅོས་འབད་མ་བཏུབ་ནི་དེ་གིས་ཨིན་པས།
༉ བསམ་རྩེ་རྫོང་ཁག་སིབ་སུ་དྲུང་ཁག་ ནོར་རྒྱས་སྒང་རྒེད་འོག་གི་ འཁོར་ལམ་དེ་ ཁག་འབགཔ་ཅིག་གིས་ ལེགས་བཅོས་འབད་མ་བཏུབ་མི་ལུ་བརྟེན་ གྲོས་བསྡུར་ལན་ཐེངས་མང་རབས་ཅིག་ འབད་བའི་ཤུལ་ལུ་ རྫོང་ཁག་བདག་སྐྱོང་གིས་ སྒེར་གྱི་བཟོ་སྐྲུན་ལས་སྡེ་ བདེ་ལྡན་དེ་ ནག་ཐོའི་ནང་ བཀོད་ནི་སྦེ་ གྲོས་ཐག་བཅད་ནུག།
རྒེད་འོག་གི་ འཁོར་ལམ་དེ་ གནོད་ཉེན་ཅན་ཅིག་ལུ་ གྱུར་ཡོད་རུང་ མི་སེར་ཚུ་གིས་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་པའི་མཐོང་སྣང་།


དེ་ཡང་ བཟོ་སྐྲུན་ལས་སྡེ་དེ་ བསམ་རྩེ་རྫོང་ཁག་ནང་ བཟོ་སྐྲུན་དང་འབྲེལ་བའི་ ལས་སྣ་ག་ཅི་ནང་ར་ འབྲེལ་གཏོགས་འབད་མ་ཆོགཔ་སྦེ་ བཟོ་ནི་ཨིནམ་ད་ ལམ་ལེགས་བཅོས་ཀྱི་ལཱ་དེ་ རྫོང་ཁག་གིས་ འགོ་འདྲེན་འཐབ་ནི་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ བདེ་ལྡན་བཟོ་སྐྲུན་ལས་སྡེ་ལུ་ ན་ཧིང་ གཞི་རྟེན་གྱི་ འཁོར་ལམ་སེལ་ཚར་མི་ རྒེད་འོག་གི་ལམ་ ལེགས་བཅོས་འབད་དགོ་པའི་སྐོར་ ལན་ཐེངས་གསུམ་ ཉེན་བརྡ་བྱིན་ཡོད་རུང་ ཁག་འབགཔ་དེ་གིས་ ངོས་ལེན་འབད་མ་བཏུབ་ནི་དེ་གིས་ ནག་ཐོའི་ནང་ བཀོད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
རྫོང་ཁག་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཀི་ལོ་མི་ཊར་༡༧.༡ འབད་མི་ རྒེད་འོག་གི་ སྦྲེལ་མཐུད་ལམ་ཆ་ཤས་ཅིག་  གནམ་བྱཱར་གྱི་སྐབས་ ས་རུད་ཆད་དེ་ མེདཔ་བཏང་པའི་ཁར་ ལམ་གྱི་རྒྱ་ཚད་ཡང་ ཆུང་སུ་ཅིག་ལུ་ གྱུར་ཡོད་ནི་དེ་གིས་ ལམ་ལེགས་བཅོས་འབད་དགོཔ་ ཐོན་ཡོད་ཟེར་ཨིན་པས།
ཧེ་མར་ བཱ་ར་ཟེར་སླབ་མི་ ནོར་རྒྱས་སྒང་རྒེད་འོག་དེ་ ད་རེས་ནངས་པ་ སིབ་སུ་དྲུང་ཁག་ གཏན་འབྲུ་རྒེད་འོག་ལས་ གྱེན་ལམ་བདའ་སྟེ་ ཉིན་ལམ་ཅིག་ ལམ་འགྱོ་དགོཔ་མ་ཚད་ བཱ་ར་གཡུས་སྨད་ལས་ དུས་ཡུན་ཆུ་ཚོད་༣ རྐང་སྟོང་ འགྱོ་དགོཔ་ཨིན་པས།
གཏན་འབྲུ་དེ་ སིབ་སུ་དྲུང་ཁག་ལས་ ཀི་ལོ་མི་ཊར་༦༩ དེ་ཅིག་ཡོད་པའི་ཁར་ བསམ་རྩེ་ཁྲོམ་དང་ སིབ་སུའི་བར་ན་ ལམ་ཀི་ལོ་མི་ཊར་༤༥ དེ་ཅིག་ཡོདཔ་ཨིན་པས།
བསམ་རྩེའི་རྫོང་བདག་ ཀརྨ་འོད་ཟེར་གྱིས་ སླབ་མིའི་ནང་ རྫོང་ཁག་རིན་བསྡུར་ཚོགས་ཆུང་གིས་ ཁག་འབགཔ་གི་ རྩིས་ཁྲ་ནང་ལས་ ལམ་ལེགས་བཅོས་ཀྱི་མ་དངུལ་ དངུལ་ཀྲམ་ས་ཡ་༠.༨༦༢ གཞུང་བཞེས་བཏང་སྟེ་ ཁག་འབགཔ་དེ་ཡང་ ནག་ཐོའི་ནང་བཀོད་ནི་སྦེ་ ཐག་བཅད་ཚར་ཡི་ཟེར་ཨིན་པས།
ང་བཅས་ཀྱིས་ ཁག་འབགཔ་ལུ་ ལན་ཐེངས་༣ བརྡ་བསྐུལ་འབད་ཡོད་རུང་ ངོས་ལེན་འབད་མ་བཏུབ་ཟེར་ རྫོང་བདག་གིས་ བཤད་པའི་ཁར་ ཁག་འབགཔ་དེ་ ནག་ཐོའི་ནང་ བཀོད་ཡོད་པའི་སྐོར་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ལུ་ སྙན་ཞུ་འབད་ཐོག་ལས་ ཁྲིམས་ཀྱི་དང་ལེན་འབད་བཅུག་ནི་ཟེར་ སླབ་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་འོག་མ་ བ་སུ་དེབ་ཀྱིས་འབད་བ་ཅིན་ ལམ་ལུགས་དང་འཁྲིལ་བ་ཅིན་ ཁག་འབགཔ་གིས་ བཟོ་སྐྲུན་ལཱ་འབད་ཚར་ཞིནམ་ལས་ ལོ་ངོ་༡ གི་ནང་འཁོད་ལུ་ ཉམས་སྐྱོན་རེ་བྱུང་པ་ཅིན་ ཉམས་བཅོས་དང་ ལེགས་བཅོས་འབད་ནི་ཚུ་ ཁག་འབགཔ་དེ་གིས་ འབད་དགོ་ཟེར་ཨིན་པས།
ཨིན་རུང་ ཁག་འབགཔ་དེ་གིས་ ང་བཅས་ཀྱི་ བརྡ་བསྐུལ་ལུ་ ངོས་ལེན་འབད་མ་བཏུབ་པའི་ཁར་ བརྒྱུད་འཕྲིན་དང་ འགྲུལ་འཕྲིན་ཚུ་ཡང་ འགྱོ་མ་བཏུབ་སྦེ་ བཟོ་བཞག་ནུག་ཟེར་ བ་སུ་དེབ་ཀྱིས་ སླབ་ཨིན་པས།
རྒེད་འོག་གི་ གཞི་རྟེན་ལམ་དང་པ་དེ་ ན་ཧིང་ སྤྱི་ཟླ་༢ པའི་ནང་ སེལ་ཚར་ཡོདཔ་ད་ ད་ལྟོ་ འཁོར་ལམ་ལེགས་བཅོས་ཀྱི་ལཱ་དེ་ སིབ་སུ་དྲུང་ཁག་གི་ ལྟ་རྟོག་ཐོག་ལུ་ འབད་ནི་དང་ བཟོ་སྐྲུན་ལཱ་གི་དོན་ལུ་ ས་རྐོ་འཕྲུལ་ཆས་༢ གཞུང་གིས་ རིན་མེད་སྟོང་པར་སྦེ་ མཁོ་སྤྲོད་འབད་ནི་ཨིནམ་ལས་ མར་ཁུ་དང་ སྐྱེལ་འདྲེན་གྱི་ ཟད་འགྲོ་རྐྱངམ་གཅིག་ ང་བཅས་ཀྱིས་ སྤྲོད་དགོ་ཟེར་ བཟོ་རིག་འགོ་དཔོན་འོག་མ་གིས་ སླབ་ཨིན་པས།
གཞི་རྟེན་ལམ་སེལ་མིའི་ནང་ མ་དངུལ་ས་ཡ་༡༠.༠༥ དེ་ཅིག་ ཟད་འགྲོ་བཏང་ཚར་ཡོདཔ་ད་ གཏན་འཇགས་ཀྱི་ བཟོ་སྐྲུན་ལཱ་དེ་ ཁག་འབགཔ་སོ་སོ་ལུ་ སྤྲོད་ནི་ཨིན་པས།
རྒེད་འོག་གི་ ལམ་སེལ་ཚར་ཞིནམ་ལས་ སྤྱི་འོག་༥ གི་ ཁྱིམ་གུང་༦༥༠ ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
དྲུང་ཁག་བདག་སྐྱོང་གིས་ གཞི་རྟེན་ལམ་མེདཔ་ཐལ་མི་དེ་ ལག་ལེན་མ་འཐབ་ཟེར་ སླབ་སྟེ་ཡོད་རུང་ གྲོང་གསེབ་མི་སེར་ཚུ་གིས་ ཉེན་ཁ་འབག་ཐོག་ལས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment