གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་ས་ལུ་ གཞུང་གི་སྡོད་ཁྱིམ་ཚུ་ ཟླཝ་ཤུལ་མམ་ལས་ བཟོ་སྐྲུན་འགོ་བཙུགས་ནི།

༢/༤/༢༠༡༣   ༉ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ མགར་ས་རྫོང་ཁག་ནང་ འཕྲལ་མགྱོགས་ར་ གཞུང་གི་སྡོད་ཁྱིམ་རྐྱབ་ནིའི་དོན་ལུ་ རིན་བསྡུར་འགོ་འདྲེན་འཐབ་ནི་ཨིན་མི་དེ་ ད་རེས་ ཁ་མཐོ་ས་ལུ་སྡོད་མི་ རྫོང་ཁག་གི་ ལས་བྱེདཔ་ཚུ་གི་དོན་ལུ་ གནས་ཚུལ་བཟང་པོ་ཅིག་ཨིན་པས།


དེ་ཡང་ མགར་ས་སློབ་གྲྭའི་ལྟག་ལུ་ཡོད་པའི་ གཞུང་ས་ཨེ་ཀར་༥ ཡོད་མིའི་ནང་རྐྱབ་ནི་དང་ རང་བཞིན་གནས་སྟངས་དང་ ཚུལ་མཐུན་སྦེ་ བཞག་ནིའི་དོན་ལུ་ ཐོག་ཚད་ལེ་ཤ་སྦེ་མེན་པར་ ཁྱིམ་ཐོག་ཅིག་མ་ ཁང་ཚན་༢ རེ་འབད་མིའི་ སྒྲིང་ཁྱིམ་༡༠ རྐྱབ་ནི་ཨིན་པས།
རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཨོ་རྒྱན་ཚེ་དབང་གིས་ སླབ་མིའི་ནང་ སྒྲིང་ཁྱིམ་ཚུ་ རྐྱབ་ནིའི་དོན་ལུ་ འཆར་གཞིའི་ལཱ་ཚུ་ མཇུག་བསྡུ་ཡོདཔ་མ་ཚད་ བཟོ་སྐྲུན་གྱི་སྐབས་ ས་གནས་ཀྱི་ཅ་ཆས་ཚུ་ ལག་ལེན་འཐབ་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ཁོངས་དེ་ནང་ འཁོར་ལམ་དང་ མི་ལམ་ གློག་མེ་ དེ་ལས་ འཐུང་ཆུ་བཀྲམ་སྤེལ་ཚུ་ཡང་ བཙུགས་ནི་དང་ གལ་སྲིད་ མ་དངུལ་གྱིས་ ལང་པ་ཅིན་ རྒྱ་བསྐྱེད་འབད་ནིའི་འཆར་གཞི་ཡང་ ཡོད་ཟེར་ཨིན་པས།
བཟོ་སྐྲུན་གྱི་ལཱ་དེ་ འགོ་བཙུགས་ནིའི་དོན་ལུ་ ད་ལྟོ་ རང་བཞིན་གནས་སྟངས་ཉོགས་མེད་ལག་ཁྱེར་ལུ་ བསྒུག་སྟེ་ཡོདཔ་ཨིན་རུང་ ཤུལ་མམ་གྱི་ཟླཝ་ནང་ ལཱ་འགོ་བཙུགས་ཚུགས་པའི་ རེ་བ་ཡོདཔ་མ་ཚད་ ལཱ་དེ་ཡང་ ཁག་འབགཔ་༢ དེ་ཅིག་ལུ་ སྤྲོད་ནི་ཨིན་པས།
ལས་འཛིན་གྱི་ འཆར་གཞི་དང་འཁྲིལཝ་ད་ ས་གནས་ནང་ སྡོད་ཁྱིམ་ཚུ་རྐྱངམ་གཅིག་ བཟོ་སྐྲུན་འབད་ནི་མེན་པར་ མི་སྡེ་དང་འབྲེལ་གཏོགས་ཀྱི་དོན་ལུ་ ཐིམ་ཕུ་ལྕང་ཇི་ཇི་ལུ་ཡོད་མི་བཟུམ་སྦེ་ ཨ་ལུ་རྩེདམོ་རྩེ་ས་དང་ སྤྲོ་སྟོན་ལས་རིམ་ཚུ་ འགོ་འདྲེན་འཐབ་སའི་ ས་ཁོངས་ཚུ་ཡང་ བཟོ་ནི་ཨིན་པས།
བཟོ་སྐྲུན་གྱི་དོན་ལུ་ གཞུང་ལས་ མ་དངུལ་ཚུ་ གནང་སྟེ་ཡོདཔ་ལས་ དཀའ་ངལ་མེད་ཟེར་ཨིནམ་ད་ བཟོ་སྐྲུན་དེ་གི་དོན་ལུ་ བྱ་སྟབས་བདེ་ཧིང་དང་འཁྲིལ་ འཆར་གཞི་ཁག་མ་འདྲཝ་༣ དེ་ཅིག་ བརྩམས་ཏེ་ཡོད་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་སླབ་ཅི།
མགར་ས་ལུ་ སྡོད་ཁྱིམ་རྐྱབ་ནིའི་ལཱ་ལུ་ གཙོ་རིམ་བྱིན་དགོ་མི་དེ་ཡང་ ཁོ་ར་ གནམ་དགུན་གྱི་སྐབས་ རྫོང་ཁག་ ལྟ་སྐོར་ནང་འགྱོཝ་ད་ རྫོང་ཁག་དང་ སློབ་གྲྭ་ གསོ་བ་ དེ་ལས་ གཞན་མི་ལས་སྡེའི་ ལཱ་འབད་མི་ཚུ་སྡོད་སའི་ གནས་སྟངས་སྐྱོ་དྲགས་ཅིག་སྦེ་ མཐོང་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁོ་གིས་ རྫོང་བདག་དང་ གྲོས་བསྟུན་འབད་ཐོག་ལས་ གཞུང་ས་ཁག་དག་པ་ཅིག་ ངོས་འཛིན་འབད་དེ་ ཁྱིམ་ཚུ་ ས་ཁོངས་དེ་ནང་རྐྱབ་ནི་སྦེ་ ཐག་བཅད་ཡོདཔ་ད་ རྒྱལ་ཡོངས་ས་འཇལ་ལྷན་ཚོགས་ལུ་ཡང་ ཡི་གུ་ཚུ་བཏང་མི་དང་འཁྲིལ་ ས་ཆ་དེ་ ལས་འཛིན་གྱི་མིང་ཐོ་ལུ་ སྤོ་བཤུད་འབད་བྱིན་ཏེ་ ལྷན་ཚོགས་དང་ མགར་ས་རྫོང་ཁག་བདག་སྐྱོང་༢ ཆ་ར་གིས་ མཉམ་འབྲེལ་ལེགས་ཤོམ་འབད་ཡི་ཟེར་ཨིན་པས།
ད་རེས་ རྫོང་ཁག་ནང་ གཞུང་གི་སྡོད་ཁྱིམ་ གསརཔ་རྐྱབ་མི་གིས་ ཞི་གཡོགཔ་ཚུ་ རྫོང་ཁག་ནང་ གནས་སོར་འགྱོ་ནི་ལུ་ སེམས་ཤུགས་བསྐྱེད་ཚུགས་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་སླབ་ཅི།
ཁོ་གིས་འབད་བ་ཅིན་ མ་གཞི་ བཟོ་སྐྲུན་དེ་ ཆར་ཆུའི་དུས་ཚོད་ཁར་ འབད་དགོ་ནི་ཨིནམ་ལས་ ལམ་ཆད་དེ་ ཅ་ཆས་ཚུ་ སྐྱེལ་འདྲེན་འབད་མ་ཚུགས་པའི་ དཀའ་ངལ་བྱུང་བའི་ ཚ་གྱང་ཡོདཔ་ཨིན་རུང་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ མང་ཤོས་ར་ ས་གནས་ནང་ཡོད་པའི་ རྒྱུ་ཆས་ཚུ་ལག་ལེན་འཐབ་ནི་ཨིནམ་ལས་ གནོད་པ་སྦོམ་ མི་བྱུངམ་འོང་ཟེར་ཨིན་པས།
ད་ལྟོ་ རིན་བསྡུར་མ་འབད་ནི་དེ་གིས་ ལཱ་ཚུ་ ནམ་མཇུག་བསྡུ་ཚུགས་འོང་ག་ སླབ་མི་ཚུགས་ནི་ཨིན་རུང་ ཟླཝ་༡༢ དང་༡༣ དེ་ཅིག་གི་ནང་འཁོད་ལུ་ སྒྲུབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ལྷུན་རྩེ་ལུ་ཡང་ གཞུང་གི་སྡོད་ཁྱིམ་ཚུ་ རྐྱབ་ནིའི་འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment