གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྟང་གདམ་ངོའི་བསྐུལ་བསྒྲགས་འགོ་བཙུགས་ཡོདཔ།

༥/༤/༢༠༡༣   ༉ བུམ་ཐང་སྟང་རྒེད་འོག་གི་ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་ ཉི་མ་གིས་ སྤྱི་ཟླ་༤ པའི་ཚེས་༣ ལས་ ལྕམ་མཁར་ཁྲོམ་ནང་ སྒོ་བཤལ་རྐྱབ་སྟེ་ བསྐུལ་བསྒྲགས་འབད་ནི་ འགོ་བཙུགསཔ་བཞིན་དུ་ ཚོང་པ་ཚུ་གིས་ དགའ་ཚོར་དང་བཅསཔ་སྦེ་ གདོང་ལེན་འབད་བ་གིས་མ་ཚད་ ལ་ལུ་གིས་ ཇ་ཡང་བྱིནམ་ཨིན་པས།

སྒོ་བཤལ་རྐྱབ་སྟེ་ བསྐུལ་བསྒྲགས་འབདཝ་ད་ ལྕམ་མཁར་ཁྲོམ་ཁའི་ མི་ཅིག་གིས་ ཉི་མ་ལུ་ ཇ་བྱིན་པའི་བསྒང་།

མ་གཞི་ ཉི་མ་གིས་ མི་སེར་ལས་ ཚོགས་རྒྱན་དང་ རྒྱབ་སྐྱོར་འབད་གནང་ཟེར་ སླབ་ཆོགཔ་ཨིན་རུང་ ཐད་ཀར་དུ་ མ་སླབ་པར་ སྤྱི་ཟླ་༤ པའི་ཚེས་༥ ལུ་ རྒྱང་མཐོང་ཊི་བི་ནང་ རྩོད་བསྡུར་བལྟ་དགོཔ་མ་ཚད་ སྤྱིར་བཏང་གྲོས་གནས་ནང་ བཅའ་མར་གཏོགས་ཐོག་ལས་ གདམ་ངོ་༤ གི་ ལྕོགས་གྲུབ་ལུ་ བསམ་ཞིབ་འབད་གནང་ཟེར་ སླབ་ཨིན་པས།
དེ་མ་ཚད་ ཁོ་གིས་ མི་སེར་ཚུ་ལུ་ མི་ངོམ་དེ་ དབྱེ་དཔྱད་འབད་ཞིནམ་ལས་ འོས་ལྡན་གྱི་ གདམ་ངོ་ལུ་ ཚོགས་རྒྱན་བཙུགས་དགོཔ་གལ་ཆེ་བའི་སྐོར་ སླབ་ཨིན་པས།
ཉི་མ་གིས་འབད་བ་ཅིན་ ལྕམ་མཁར་ལུ་ ཁྱིམ་མང་ཤོས་ཅིག་ནང་ར་ རྒྱང་མཐོང་ཊི་བིའི་ མཐུན་རྐྱེན་གཞི་བཙུགས་འབད་ཡོདཔ་ལས་ གདམ་ངོ་ཚུ་གི་བར་ན་ རྩོད་འགྲན་འབད་མི་དེ་ བལྟ་ནི་ལུ་ དཀའ་ངལ་མི་འབྱུང་འོང་ཟེར་ཨིནམ་ད་ འདི་བཟུམ་མའི་ མཐུན་རྐྱེན་མེད་སའི་ མཐའ་ཟུར་གཡུས་ཚན་དག་པ་ཅིག་ནང་ ཁོ་ར་ རྐང་བཙུགས་སོང་སྟེ་ མི་སེར་ཚུ་ལུ་ གསལ་བཤད་འབད་ནི་ཟེར་ ཉི་མ་གིས་ བཤདཔ་ཨིན་པས།
མི་སེར་གཞན་ཚུ་གི་ཐད་ལུ་ མི་མང་རྩོད་འགྲན་དང་ སྤྱིར་བཏང་གྲོས་གནས་ཀྱི་ གྲོས་བསྡུར་སྐབས་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ རྒྱང་མཐོང་ནང་ གསལ་སྟོན་འབདཝ་ད་ བལྟ་ཚུགས་ནི་ཨིནམ་ལས་ གཡུས་སྒོ་བཤལ་ཏེ་ འགྱོ་དགོ་པའི་ འོས་འབབ་ཅིག་ མི་མཐོང་པས་ཟེར་ ཉི་མ་གིས་ སླབ་ཨིན་པས།
བུམ་ཐང་གི་ མི་སེར་ལེ་ཤ་ཅིག་གི་དོན་ལུ་ ཉི་མ་དེ་ ངོ་མ་ཤེས་མི་ཅིག་མེནམ་ལས་ ཁོ་ར་ འགོ་ཐོག་སྐབས་ ངོ་སྤྲོད་འབད་བར་ གཡུས་ཚན་ནང་སོངམ་ད་ མི་སེར་ཚུ་གིས་ གདོང་བསུ་ལེགས་ཤོམ་འབད་ཡོདཔ་ད་ དེ་བསྒང་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་གིས་ གཡུས་ཚན་ཅིག་གི་ མི་སེར་ཚུ་ གཅིག་ཁར་འཛོམས་བཅུག་སྟེ་ ཁོ་རའི་སྐོར་ ངོ་སྤྲོད་འབད་ཡོདཔ་ཨིན་པས།
ཉི་མ་གིས་ སླབ་མིའི་ནང་ ཁྱིམ་སྒོ་བཤལ་ཏེ་ འགྱོ་ནི་དེ་ དུས་ཚོད་ལེ་ཤ་འགོར་མི་ལུ་བརྟེན་ མི་སེར་ཚུ་ གཅིག་ཁར་འཛོམས་བཅུག་ཅི་ཟེར་ཨིནམ་ད་ མི་སེར་ཚུ་ལས་ཡང་ ངོས་ལེན་ལེགས་ཤོམ་ཐོབ་ཅི་ཟེར་ སླབ་ཨིན་པས།
བསྐུལ་བསྒྲགས་ཀྱི་སྐབས་ལུ་ ཉི་མ་གིས་ མི་སེར་ཚུ་ལུ་ རྒྱལ་ཡོངས་ཚོགས་སྡེའི་ ལཱ་དང་འགན་ཁུར་ཚུ་གི་སྐོར་ལས་ གསལ་བཤད་འབད་ཡོདཔ་མ་ཚད་ རང་སོའི་ཚོགས་རྒྱན་བཙུགས་ནི་གི་ ཐོབ་དབང་དེ་ གཞན་ལོས་ཀྱང་ ཐ་ན་ རང་སོའི་བཟའ་ཚང་གི་ འཐུས་མི་ཚུ་ལས་ཡང་ རྒྱུད་བསྐུལ་མེད་པར་ བསྟར་སྤྱོད་འབད་དགོཔ་ གལ་ཆེ་བའི་སྐོར་ གོ་བརྡ་སྤྲོདཔ་ཨིན་པས།
ཁྱེད་མི་སེར་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེའི་ སྡོད་ཁྲི་དེ་ ག་ལུ་འོས་འབབ་ཡོདཔ་ཨིན་ན་ ལེགས་ཤོམ་སྦེ་ དབྱེ་དཔྱད་འབད་ཞིནམ་ལས་ ཚོགས་རྒྱན་བཙུགས་དགོ་ཟེར་ ཉི་མ་གིས་ གསལ་བཤད་འབདཝ་ཨིན་པས།
ལྕམ་མཁར་གྱི་ ཚོང་པ་ལ་ལུ་ཅིག་གིས་ བསམ་འཆར་བཤད་མིའི་ནང་ མི་སེར་ལེ་ཤ་ཅིག་གིས་ ག་ལུ་ཚོགས་རྒྱན་བཙུགས་ནི་ཨིན་ན་ ཐག་བཅད་ཚར་ཡོདཔ་ལས་ བསྐུལ་བསྒྲགས་འབད་མི་དེ་གིས་ ཁྱད་པར་སྦོམ་ཅིག་ བཟོ་མི་ཚུགས་འོང་ ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment