གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༥/༤/༢༠༡༣   རྫོང་ཁག་༢༠ ནང་ ཁྲོམ་ས་བགོ་བཀྲམ་འབད་མི་ཚུ་ ཞིབ་དཔྱད་རྐྱབ་དགོཔ།
༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ རྒྱལ་པོའི་ཞིང་གི་ ས་ཆ་འདི་ ཚུལ་མིན་ཐོག་ བགོ་བཀྲམ་འབད་ནུག་ཟེར་ ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ ལུ་ དགོངས་ཕོག་ཡི་གུ་བཏོན་པའི་ཁར་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ ཉེས་འཛུགས་བཀལ་ཏེ་ རྩོད་བཤེར་གྱི་དོན་ལུ་ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཞུ་ཡིག་ཕུལ་མི་ལུ་ དྲང་དཔོན་གྱིས་ཡང་ ངོས་ལེན་འབད་དེ་ རྩ་ཁྲིམས་ཆེན་མོ་དང་ མ་འཁྲིལ་བའི་ འཁྲུན་ཆོད་གནང་མི་ལུ་ ང་བཅས་བཀྲིས་སྒང་གི་ མི་སེར་ཚུ་ ཚ་གྱང་སྦོམ་ལང་སྟེ་ཡོད་ཟེར་ཞུ་ནི།



དང་པ། ང་བཅས་ལུ་ འཇིགས་སྣང་དང་ ཚ་གྱང་ཡོད་པའི་སྐོར་ལས་ ཞུ་བ་ཅིན་ གཞུང་སྐྱོང་གི་དབུ་ཁྲིད་ མི་རྗེ་བློན་ཆེན་མཆོག་ལུ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ སྙན་ཞུ་ག་ནི་ཡང་ མ་འབད་བར་ ཧམ་འཛུལ་ཐོག་ ཁྲིམས་ལུ་མ་གུས་པའི་ ལག་ལེན་ཐོག་ ཐད་ཀར་དུ་ ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ ཀྱི་ དགོངས་ཕོག་ཡི་གུ་བཏོན་མི་ལུ་ ལྟ་བ་ཅིན་ མ་འོངས་པར་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ཚུ་གིས་ དམངས་གཙོའི་གཞུང་ཧྲམ་གཏང་ནིའི་ འཇིགས་སྣང་ལང་སྟེ་ཡོད་ཟེར་ཞུ་ནི།
གཉིས་པ། རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ འགན་ཁུར་ངོ་མ་ར་ ངན་ལྷད་དང་འབྲེལ་བའི་ ཉེས་འགེལ་གྱི་ རྩོད་བཤེར་འབད་ནི་དེ་ཨིནམ་ལས་ དམངས་གཙོའི་གཞུང་དབུ་བརྙེས་པའི་ ཉིནམ་ལས་འགོ་བཟུང་ ད་ཚུན་གྱི་བར་ན་ གཞུང་གི་ཁ་ཐུག་ལས་ རྩོད་བཤེར་འབད་བཞིན་དུ་ཡོད་རུང་ རྒྱལ་པོའི་ཞིང་གི་ ས་ཆའི་གནད་དོན་གུ་ལྷོདཔ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དབང་ཚད་ལེན་ཏེ་ རྩོད་བཤེར་འབད་མི་ལུ་ལྟཝ་ད་ མི་སེར་ཚུ་ སེམས་དཀྲུགས་ཏེ་ བཙག་འཐུ་གྲུབ་པའི་གཞུང་ལུ་ བར་ཆད་རྐྱབ་པའི་ དོགས་པ་ཡོད་ཟེར་ཞུ་ནི།
གསུམ་པ། ད་ལས་ཕར་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་རྐྱངམ་གཅིག་ ཞིབ་དཔྱད་རྐྱབ་ནི་མིན་པར་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་དང་ ངན་ལྷན་བཀག་སྡོམ་ལྷན་ཚོགས་གཞི་བཙུགས་མ་འབད་བའི་ཧེ་མར་ རྫོང་ཁག་༢༠ ནང་ ཁྲོམ་ས་བགོ་བཀྲམ་འབད་མི་དང་ གཞུང་གི་ཕྱག་ལཱ་ཚུ་ རྒྱབ་ལོག་སྟེ་ ཞིབ་དཔྱད་རྐྱབ་ནི་དང་ རྩོད་བཤེར་འབད་ནི་གི་དབང་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ཡོདཔ་ཨིན་ན? འདི་བཟུམ་མའི་ དབང་ཚད་བསྟར་སྤྱོད་འབད་བ་ཅིན་ མི་སེར་གྱིས་ བཙག་འཐུ་གྲུབ་མི་གཞུང་འདི་ ཧྲམ་གཏང་ནིའི་ ཚ་གྱང་ཡོད་ཟེར་ཞུ་ནི།
བཞི་པ། ཐོབ་ལབ་མེད་པའི་མི་ལུ་ ས་ཆ་བགོ་བཀྲམ་འབད་ནུག་ཟེར་ འཁྲུན་ཆོད་བཏོན་མི་དེ་ལུ་ རྒྱལ་པོའི་ཞིང་གི་ ས་ཆ་ཐོབ་མི་ཚུ་ འབྲུག་པའི་མི་སེར་མེན་པར་ ཕྱིའི་རྒྱལ་ཁབ་ ག་ཏེ་ལས་འོང་བའི་ མི་སེར་ཨིན་ན? མ་གཞི་ འབྲུག་པའི་མི་ཁུངས་ཅིག་ཨིན་པ་ཅིན་ གཞི་རྟེན་ཐོབ་དབང་དང་འཁྲིལཝ་ད་ འབྲུག་ནང་འཁོད་ལུ་ རྒྱུ་དངོས་བདག་བཟུང་གི་ ཐོབ་དབང་ཡོད་པའི་ཁར་ ཁྲིམས་ཀྱི་འོག་ལུ་ མི་ག་ར་ འདྲ་མཉམ་ཨིནམ་ལས་ རིགས་རུས་ ཡང་ཅིན་ ཕོ་མོ་ སྐག་ཡིག་དང་ ཆོས་ལུགས་ སྲིད་དོན་ལུ་བརྟེན་ ཕྱོགས་རིས་ཕྱེ་མ་ཆོགཔ་སྦེ་ འཁོད་དེ་ཡོད་རུང་ ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ སྲིད་དོན་དང་འབྲེལ་བ་ཡོད་པའི་ ཆེ་མཐོའི་འཐུས་མི་འབད་བ་ལུ་བརྟེན་ རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་ འགོ་དཔོན་རེ་གཉིས་ཀྱི་ སེམས་དང་མ་ལྡནམ་ལས་ སྲིད་ཚོགས་ཀྱི་ ཕྱོགས་ལྷུང་བཟུང་སྟེ་ དྲང་བདེན་མེད་པའི་ འཁྲུན་ཆོད་བཏོན་མི་ལུ་ ཚ་གྱང་ལང་སྟེ་ཡོད་ཟེར་ཞུ་ནི།
ལྔ་པ། འདས་པའི་ལོ་ངོ་བཅུ་ཕྲག་གི་ཧེ་མར་ ཞིབ་དཔྱད་ག་ནི་ཡང་མ་འབད་བར་ ད་རིས་ བཙག་འཐུ་གྲུབ་མི་ འཐུས་མི་༢ ལུ་ ཉེས་འཛུགས་བཀལ་མི་ལུ་ལྟ་བ་ཅིན་ གཙུག་སྡེ་སོ་སོའི་ཧོངས་ལས་ དམངས་གཙོའི་གཞུང་ལུ་ ཡིད་ཆེས་བསྐྱེད་མ་བཏུབ་པའི་ཁར་ རང་དོན་དང་འབྲེལ་བའི་ ཐེ་གཏོགས་ག་ནི་ཡང་མེད་མི་ གཞུང་དང་མི་སེར་ལུ་ ལོ་ངོ་མང་རབས་ཅིག་གི་རིང་ ཕྱག་ཞུ་མི་ ཞི་གཡོགཔ་ཚུ་ལུ་ ནག་ཅན་དང་འདྲ་བའི་ འཁྲུན་ཆོད་བཏོན་མི་ལུ་ལྟཝ་ད་ མ་འོངས་པའི་ སྲིད་གཞུང་དང་ ཞི་གཡོགཔ་ཚུ་ལུ་ ཉེན་སྲུང་མེདཔ་འགྱོ་ནིའི་ ཉེན་ཁ་འདུག་ཟེར་ཞུ་ནི།

རྒྱུ་མཚན་དེ་ལུ་བརྟེན་ ད་ལས་ཕར་ རྒྱལ་ཁབ་ནང་ རྒྱལ་པོའི་ཞིང་གི་ ཁྲོམ་ས་མ་དོ་བར་ རྒེད་འོག་ནང་ལས་ཕར་ འཆར་གཞི་གོང་འཕེལ་གྱི་ ལཱ་འབད་དགོཔ་ ལེ་ཤ་ཡོདཔ་ལས་ ས་གནས་གཞུང་གི་ འགོ་དཔོན་དང་ རྫོང་བདག་ཚུ་གིས་ འཆར་གཞི་གོང་འཕེལ་གྱི་ ལཱ་འབད་བའི་སྐབས་ ཚོགས་པ་བཟོ་སྟེ་ ལཱ་འབད་དགོ་པའི་རིགས་ལུ་ མ་འོངས་པ་ལུ་ ཚོགས་པའི་ནང་ འཐུས་མི་སྦེ་ བཅའ་མར་གཏོགས་ནི་ལུ་ཡང་ འཚེར་སྣང་བསྐྱེད་དེ་ གོང་འཕེལ་གྱི་ལཱ་ཚུ་ལུ་ ཐོ་སྦོམ་སྦེ་ཕོགཔ་ད་ འདི་གི་འགྲམ་ཆག་ མི་སེར་ཚུ་ལུ་ ཕོག་ནི་ངེས་བདེན་ཨིན་པའི་ ཚ་གྱང་ལང་སྟེ་ཡོད་ཟེར་ཞུ་ནི།
ཀུན་དགའ་དོན་གྲུབ། བཀྲིས་སྒང་།

No comments:

Post a Comment