གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁས་བླངས་གསལ་བསྒྲགས་ཀྱི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ།

༥/༤/༢༠༡༣  ༉ འདས་པའི་ཉིནམ་༢ ཀྱི་རིང་ རྫོང་ཁའི་གནས་ཚུལ་གསར་ཤོག་ཚུ་ལྷག་པའི་ཁར་ ཡོངས་འབྲེལ་ནང་ལས་ བཅའ་ཡིག་མ་འདྲཝ་ཚུ་ལྷག་ཐོག་ལས་ ཁས་བླངས་གསལ་བསྒྲགས་འབད་མི་དེ་ རྩི་རང་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་༦ ཡོད་པའི་གྲས་ལས་གཅིག་ སྐྱེས་ལོ་༤༧ ལང་མི་ ཀཱ་མཱལ་ གུ་རུང་དེ་ཨིན་པས།
ཁས་བླངས་གསལ་བསྒྲགས་ཀྱི་དོན་ལུ་ གྲ་སྒྲིག་འབད་མི་ ཀ་མཱལ་ གུ་རུང་།


མནྜལ་སྒང་རྒེད་འོག་ནང་ལས་ཨིན་མི་ ཀཱ་མཱལ་ གུ་རུང་གིས་ སླབ་མིའི་ནང་ ཁོ་ར་ ཀུན་གསལ་གྱི་ རྫོང་ཁ་གསར་ཤོག་དེ་ ཨ་རྟག་ར་ ལྷག་དོ་ཡོདཔ་ཨིན་རུང་ འདས་པའི་ཉིནམ་དག་པ་ཅིག་གི་རིང་ ལོགས་སུ་སྦེ་ར་ གསལ་བཤད་གྲ་སྒྲིག་གི་དོན་ལུ་ དུས་ཚོད་བྱིན་ཡི་ཟེར་ཨིནམ་ད་ ཤོག་གྲངས་༢ འབད་མི་ གསལ་བཤད་བཟོ་ནིའི་དོན་ལུ་ ཉིནམ་༢ འགོར་སོ་ཡི་ཟེར་ཨིན་པས།
ཁོ་གིས་ ཁ་ཙ་ལས་ འགྲམ་ཕུ་ཁྲོམ་ཁར་ ཡོངས་འབྲེལ་ཨིན་ཊར་ནེཊི་བཙུགས་ཐོག་ལས་ ཁང་གླ་སྤྲོད་དེ་ ཡིག་ཚང་ཅིག་ སྒོ་ཕྱེ་ཡོད་མི་དེ་ཡང་ ད་ལས་ཕར་ བཅའ་ཁྲིམས་དང་བཅའ་ཡིག་ཚུ་ལྷག་ཐོག་ལས་ གྲ་སྒྲིག་འབད་ནི་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
ཁོ་ར་སྡོད་ས་དེ་ རྩི་རང་ཁྲོམ་ཁ་ལས་ ཀི་ལོ་མི་ཊར་༣ དེ་ཅིག་གི་ས་གནས་ དར་རྒྱས་ལས་ཨིན་རུང་ ཁྱིམ་ནང་སྡོད་པ་ཅིན་ བཟའ་ཚང་ཡོད་མི་ལུ་བརྟེན་ དམིགས་གཏད་བསྐྱེད་མ་ཚུགས་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ད་ཚུན་ཁོ་གིས་ བཅའ་ཡིག་༡༣ དེ་ཅིག་ ལྷག་ཞིནམ་ལས་ དེ་ནང་ ལེགས་བཅོས་དང་ གསར་བརྩམ་འབད་དགོཔ་ཡོད་མི་ཚུ་ ངོས་འཛིན་འབད་དེ་ཡོད་ཟེར་ཨིན་པས།
རྩི་རང་སྟོད་རྒེད་འོག་ནང་ལས་ དོ་འགྲན་པ་ཚུ་གི་གྲས་ལས་ ཆུང་ཤོས་ར་ སྐྱེས་ལོ་༢༧ ལང་མི་ སངས་རྒྱས་ཏ་མང་གིས་ སླབ་མིའི་ནང་ ཁོ་གི་རྫོང་ཁ་དེ་ གཡུས་སྐད་ཨིནམ་ལས་ གྲ་སྒྲིག་འབད་དགོཔ་སྦོམ་མེད་ཟེར་ཨིནམ་ད་ མི་སེར་ཚུ་ལུ་ སླབ་ནི་ཟེར་རུང་ ངོ་སྤྲོད་དང་ ཁོ་རའི་ཁས་བླངས་གསལ་བསྒྲགས་ནང་ཚུད་མི་ གཞུང་དང་མི་སེར་གྱི་བར་ན་ ཟམ་བཟུམ་ཅིག་ཨིན་ཟེར་མི་དང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་གི་ འགན་ཁུར་ཚུ་གི་སྐོར་ལས་ གསལ་བཤད་འབད་ནི་ཨིན་ཟེར་ཨིན་པས།
ཁ་ཙ་ ཁོ་གིས་ རང་འཐག་གླིང་རྒེད་འོག་ལྟེ་བ་ནང་ བརྡ་བྱང་ཚུ་སྦྱར་བ་ སོང་བའི་སྐབས་ ཁ་ཙ་ཉིན་མ་ དུས་ཡུན་ཆུ་ཚོད་༡ མ་ལངམ་ཅིག་གི་རིང་ ཆརཔ་རྐྱབ་མི་གིས་ བཙག་འཐུའི་བརྡ་བྱང་སྦང་ཡོད་མི་ལུ་བརྟེན་ སྦྱར་མ་ཚུགས་རུང་ མནྜལ་སྒང་ལུ་ སྦྱར་ཡོདཔ་ཨིན་པས།
ཕུན་བརྟན་ཆུ་རྒེད་འོག་ནང་ལས་ དོ་འགྲན་འབད་མི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ ཇཱསི་ཊིན་ གུ་རུང་གིས་ སླབ་མིའི་ནང་ ཁོ་གིས་ གསལ་བཤད་དེ་ ཆ་མཉམ་ནང་ བློ་ལུ་ཡོད་ནི་དེ་གིས་ ཁ་ཙ་ཕྱི་རུ་ གྲ་སྒྲིག་འབད་ཡི་ཟེར་ཨིན་པས།
ཁོ་གིས་ གསལ་བསྒྲགས་ནང་ སླབ་ནི་ཟེར་རུང་ འདས་པའི་ལོ་༥ འི་ ཉམས་མྱོང་ཐོབ་མི་ལུ་བརྟེན་ ལེགས་ཤོམ་སྦེ་ར་ ཕྱག་ཞུ་ནི་ཨིན་ཟེར་ གསལ་བསྒྲགས་འབད་ནི་ཨིན་ཟེར་ཨིན་པས།
མཚོ་གླིང་མཁར་རྒེད་འོག་ནང་ལས་ དོ་འགྲན་འབད་མི་ སྐྱེས་ལོ་༣༡ ལང་མི་ པ་སངས་ཐིང་ཏ་མང་གིས་ སླབ་མིའི་ནང་ ཁོ་རའི་གསལ་བཤད་དེ་ འདས་པའི་ཟླཝ་༡ དེ་ཅིག་གི་ཧེ་མ་ལས་ གྲ་སྒྲིག་འབད་ཡོད་རུང་ མི་སེར་ཚུ་ལུ་ སླབ་ནི་ཟེར་རུང་ ཁོ་ར་ མི་སེར་སོ་ནམ་པ་ངོ་མའི་ ཁྱིམ་ནང་ལས་འབད་ནི་དེ་གིས་ མི་སེར་གྱི་དཀའ་ངལ་ཚུ་ ཧ་གོཝ་ལས་ སེལ་ཐབས་ཀྱི་སྐོར་ལས་ ག་གིས་ཡང་ཧ་གོ་ཚུགས་པའི་ཚིག་ཚུ་བཙུགས་ཏེ་ གསལ་བཤད་འབད་ནི་ཨིན་ཟེར་ ཁ་ཙ་ གདུང་ལ་སྒང་རྒེད་འོག་ནང་ ཁྱིམ་༡༣ དེ་ཅིག་ནང་ ངོ་སྤྲོད་འབད་མི་གིས་ སླབ་ཨིན་པས།
དོ་འགྲན་པ་ཚུ་གི་གྲས་ལས་ རྒས་ཤོས་ཅིག་ཨིན་མི་ སྐྱེས་ལོ་༥༢ ལང་མི་ ཤ་ཡེམ་ བཱསི་ནེཊི་གིས་ཡང་ ཁོ་རའི་ ཁས་བླངས་གསལ་བསྒྲགས་ནང་ ག་ཅི་ཚུད་དེ་ཡོད་མི་དེ་ གསལ་བཤད་འབད་ནི་ཨིན་ཟེར་ཨིནམ་ད་ ཁོ་ར་ རྫོང་ཁ་སླབ་ནི་ལུ་ དཀའ་ངལ་ཡོད་རུང་ རྩ་འགེངས་ཏེ་ གསལ་བཤད་འབད་ནི་ཨིན་ཟེར་ཨིན་པས།
སྒོ་སེར་གླིང་རྒེད་འོག་ནང་ལས་ དོ་འགྲན་འབད་མི་ སྐྱེས་ལོ་༢༨ ལང་མི་ ནོ་བཱིན་དར་ལ་མི་གིས་འབད་བ་ཅིན་ ཁོ་གི་གསལ་བཤད་དེ་ ལྷོ་མཚམས་དང་ རྫོང་ཁ་༢ ཆ་རའི་ནང་ གྲ་སྒྲིག་འབད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་རའི་རྫོང་ཁ་དང་ ལྷོ་མཚམས་ཁ་སྐད་༢ ཆ་རའི་ནང་ འབྲི་ལྷག་ནང་ དཀའ་ངལ་ཡོད་མི་ལུ་བརྟེན་ གསལ་བཤད་དེ་ ཁོ་ར་གིས་ ཨིང་སྐད་ནང་བཟོ་བའི་ཤུལ་ལུ་ སྒེར་གྱི་གསར་ཤོག་ཅིག་ནང་ རྫོང་ཁ་རྩོམ་སྒྲིགཔ་ཅིག་ལུ་ རྫོང་ཁའི་ནང་ སྐད་སྒྱུར་རྐྱབ་བཅུག་པའི་ཁར་ ཁོ་རའི་ཨ་པ་དང་ ཨ་ཞང་ལུ་བརྟེན་ ལྷོ་མཚམས་ཀྱི་ཁ་སྐད་ནང་ སྐད་སྒྱུར་འབད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་གི་གསལ་བཤད་དེ་ འདས་པའི་ཟླཝ་༨ ཀྱི་རིང་ སྲིད་དོན་དང་ དཔལ་འབྱོར་ མི་སྡེའི་གནད་དོན་དང་འབྲེལ་བའི་ དཔེ་དེབ་ཚུ་ལྷག་ཐོག་ལས་ གྲ་སྒྲིག་འབད་ཡོད་མི་ཚུ་ གསལ་བཤད་འབད་ནི་ཟེར་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment