གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་གོང་ཡར་སེང་སོང་རུང་ ཞག་དུས་ཀྱི་ ཧེ་མར་ མཇུག་བསྡུ་ཚུགས་ནི།

༥/༤/༢༠༡༣   ༉ ཁ་ཙ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ པའི་ དབང་འཛིན་ཞལ་འཛོམས་ཐེངས་༡༢ པ་ འཚོགས་པའི་སྐབས་ རྒྱ་གར་གཞུང་ལུ་ ལས་འགུལ་གྱི་གོང་ཚད་ དངུལ་ཀྲམ་དུང་ཕྱུར་༩༤ ལུ་ ཡར་སེང་འགྱོ་ནི་ཨིན་པའི་ གྲོས་གཞི་ཕུལ་ཡི།
ཞག་དུས་ཀྱི་ཧེ་མར་ མཇུག་བསྡུ་ཚུགས་ནི་ཨིན་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ པའི་ ས་དོང་བཏོན་པའི་བསྒང་།


དེ་སྦེ་ གནས་གོང་ཡར་སེང་འགྱོ་དགོ་མི་དེ་ཡང་ ས་ཆའི་ཆགས་ཚུལ་དང་ ཆུའི་གནས་སྟངས་ དེ་ལས་ ས་ཁྲ་དང་ དུས་དང་བསྟུན་པའི་ སྐྱ་ནམ་གྱི་གོང་ཚད་ཚུ་ ཡར་སེང་སོང་མི་ལུ་བརྟེན་ཨིན་ཟེར་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དབང་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཨར་ཨེན་ ཁ་ཟཱན་ཅི་གིས་ སླབ་ཨིན་པས།
སྤྱི་ལོ་༢༠༡༦ ཟླ་༡༢ པའི་ནང་ གློག་ཤུགས་མེ་ག་ཝཱཊ་༡༠༩༥ ཐོན་སྐྱེད་འབད་ནི་ཨིན་མི་ ལས་འགུལ་གྱི་གནས་གོང་ དངུལ་ཀྲམ་ས་ཡ་༣༥,༡༤༨ སྦེ་ གྲོས་ཐག་བཅད་ཡོདཔ་ད་ ཟད་འགྲོ་དངུལ་ཀྲམ་དུང་ཕྱུར་༣༥ རེའི་ཐོག་ལས་ ལོ་བསྟར་བཞིན་དུ་ གློག་མེ་ཡུ་ནིཊ་དུང་ཕྱུར་༥.༢ ཐོན་སྐྱེད་འབད་ནི་སྦེ་ གྲོས་ཐག་བཅད་ཡོད་རུང་ ཤུལ་ལས་ ད་རུང་ ཟད་འགྲོ་དངུལ་ཀྲམ་དུང་ཕྱུར་༥.༧ གཏང་ཐོག་ལས་ ལོ་བསྟར་གློག་མེ་ཡུ་ནིཊ་༡༠༥ ཐོན་སྐྱེད་འབད་ནི་སྦེ་ བཟོ་ཡོདཔ་ཨིན་པས།
ཁ་ཟཱན་ཅི་གིས་ སླབ་མིའི་ནང་ ད་རེས་ ལས་འགུལ་གྱི་གནས་གོང་ ཡར་སེང་འགྱོ་མིའི་ནང་ལས་ བརྒྱ་ཆ་༥༤ ས་ཆའི་གནས་སྟངས་དང་ ཆུའི་གནས་སྟངས་ ས་ཁྲ་བསྒྱུར་བཅོས་འབད་དགོཔ་ཐོནམ་མ་ཚད་ ཧེ་མའི་ཆུ་མཛོད་དེ་ཡང་ ཀི་ལོ་མི་ཊར་༡ དང་ཕྱེད་དེ་ཅིག་ ཡར་བཤུད་རྐྱབ་དགོཔ་ཐོན་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
གཞན་མི་བརྒྱ་ཆ་༤༦ འབད་མི་དེ་ ཧེ་མ་ ལས་འགུལ་འགོ་བཙུགསཔ་ལས་ཚུར་ མཇུག་མ་བསྡུ་ཚུན་གྱི་རིང་ སྐྱ་ནམ་གྱི་གོང་ཚད་ ཡར་སེང་འགྱོ་ནི་ཨིན་མི་ཚུ་ལུ་བརྟེན་ཨིན་ཟེར་ཨིན་པས།
ད་རེས་ མཉམ་འབྲེལ་ཐོག་ལས་ ལྟ་རྟོག་གི་ལཱ་ཚུ་ ལེགས་ཤོམ་འབད་དོ་ཡོདཔ་ལས་ སྤྱི་ལོ་༢༠༡༧ ཟླ་༦ པའི་ནང་ མཇུག་བསྡུ་ཚུགས་ནི་ཨིན་མི་དེ་ ལཱ་མཇུག་བསྡུ་དགོ་པའི་ ཞག་དུས་ངོ་མ་ལས་ ཟླཝ་༦ གི་ ཧེ་མ་ཨིན་ཟེར་ཨིན་པས།
ཆུ་མཛོད་བཟོ་སྐྲུན་འབད་ནིའི་ལཱ་དེ་ ལར་སེན་ ཊཱར་བོ་ལས་སྡེ་གིས་ འབད་དོ་ཡོདཔ་ད་ ཧེ་མ་ སྤྱི་ལོ་༢༠༠༦ ལུ་ ལཱ་གི་གོང་ཚད་ དངུལ་ཀྲམ་དུང་ཕྱུར་༧ སྦེ་ བཞག་ཡོདཔ་ཨིན་རུང་ ད་རེས་ ས་ཆ་རིག་པའི་མཁས་མཆོག་ཚུ་གིས་ དབྱེ་ཞིབ་འབད་བའི་སྐབས་ ས་འོག་གི་རྡོ་རིམ་ཚུ་ སྔོན་འགྲོའི་ཞིབ་འཚོལ་གྱི་ སྙན་ཞུ་དང་མ་འཁྲིལ་ནི་དེ་གིས་ གོང་ཚད་དངུལ་ཀྲམ་དུང་ཕྱུར་༣༧ ལུ་ ཡར་སེང་སོང་སྟེ་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་དབང་འཛིན་གྱི་ཁྲི་འཛིན་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་འབད་བ་ཅིན་ ད་རེས་ གནས་གོང་ཡར་སེང་སོང་མིའི་གནད་དོན་ རེ་རེ་བཞིན་དུའི་ཁུངས་ཚུ་ གསལ་བཀོད་འབད་དེ་ གྲོས་འཆར་བཟོ་ཡོདཔ་ལས་ དེ་ལུ་ རྒྱ་གཞུང་གིས་ ལེགས་ཤོམ་སྦེ་ལྟ་ཞིནམ་ལས་ ཟླཝ་༤ དེ་ཅིག་གི་ ནང་འཁོད་ལུ་ གྲོས་ཐག་བཅད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནས་གོང་ཚུ་ ཡར་སེང་སོང་མི་དེ་གིས་ ཤུལ་ལས་ཁྲལ་ཚུ་ཡང་ ཡར་སེང་འབད་དགོཔ་ འཐོན་ནི་ཨིན་རུང་ ད་རེས་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ གློག་མེ་ལས་འགུལ་༣ གྱི་དོན་ལུ་ རྒྱ་གཞུང་གིས་ མ་དངུལ་རྒྱབ་སྐྱོར་འཕྲོ་མཐུད་འབད་ནིའི་ ཁ་བཟེད་དེ་ཡོད་ཟེར་ཨིན་པས།
རྒྱ་གར་གྱི་ དམིགས་བསལ་ཕྱི་འབྲེལ་དྲུང་ཆེན་ པི་ཨེསི་ ར་གཱ་བཱན་གྱིས་འབད་བ་ཅིན་ ལས་འགུལ་གྱི་ གནས་གོང་ཡར་སེང་སོང་མི་དེ་གིས་ ལཱ་མཇུག་བསྡུ་ནིའི་ནང་ ཐོ་མི་ཕོག་ཟེར་ཨིནམ་ད་ རྒྱ་གར་གཞུང་གིས་ གྲོགས་རམ་ཚུ་ འཕྲོ་མཐུད་དེ་ར་ འབད་ནི་ཨིནམ་ལས་ ཁག་འབག་དུས་ཡུན་དང་འཁྲིལ་ མཇུག་བསྡུ་དགོ་པའི་ ཞག་དུས་ཀྱི་ ཧེ་མ་ལས་ རྫོགས་འོང་ཟེར་ཨིན་པས།
ལས་འགུལ་དེ་གི་ གན་ཡིག་ཚུ་ཡང་ གཞུང་༢ ཀྱི་བར་ན་ སྤྱི་ལོ་༢༠༠༧ ཟླ་༧ པའི་ནང་ མཚན་རྟགས་བཀོད་ཡོདཔ་བཞིན་དུ་ སྔོན་འགྲོའི་བཟོ་སྐྲུན་གྱི་ལཱ་ཚུ་ སྤྱི་ལོ་༢༠༠༨ ཀྱི་ ལོ་ཕྱེད་དེ་ཅིག་ལས་ འགོ་བཙུགས་ཡོདཔ་ཨིན་པས།
ད་རེས་ ལས་འགུལ་ནང་ ལཱ་འབད་མི་༩༦༠ ཡོད་ས་ལས་༧༨༧ འབྲུག་མི་ཨིནམ་ད་ བཟོ་རིག་འགོ་དཔོན་༢༠༠ ཡོད་ས་ལས་༡༤༧ འབྲུག་མི་ཚུ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment