གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐའ་ཟུར་གཡུས་ཚན་ནང་ སྡོད་མི་ཚུ་ལུ་ ཉིན་འཐུས་སྤྲོད་ཐོག་ལས་ ཚོགས་རྒྱན་བཙུགས་བཅུག་ནི།

༦/༤/༢༠༡༣   ༉ སྤྱི་ལོ་༢༠༠༨ ལུ་བཟུམ་སྦེ་ དུས་ཅི་ཡང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐབས་ལུ་ མགར་ས་རྫོང་ཁག་ ལུང་ནག་ནང་རྒེད་འོག་གི་ དབུས་སུ་ནང་གཡུས་ཚན་ལས་ ཁྱད་ཚད་ལྡན་པའི་ མི་གྲངས་༡༨ ལུ་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་བཅུག་ནིའི་དོན་ལས་ ཉིན་འཐུས་བྱིན་ནི་ཨིན་པས།
དབུས་སུ་ནང་གཡུས་ཚན།


དབུས་སུ་ནང་གཡུས་ཚན་དེ་ མགར་ས་རྫོང་ཁག་ནང་ མཐའ་ཟུར་གྱི་གཡུས་ཚན་ཅིག་ཨིནམ་ལས་ དེ་ནང་སྡོད་མི་ཚུ་ལུ་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་བཅུག་ནིའི་དོན་ལུ་ གཞུང་གིས་ མི་རེ་ལུ་ ཉིན་འཐུས་དངུལ་ཀྲམ་༥༠༠ རེ་སྤྲོད་དེ་ ར་མེད་ནང་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ འབོ་ནི་ཨིན་པས།
དབུས་སུ་ནང་གཡུས་ཚན་ལས་ ར་མི་ནང་སྤྱི་འོག་ཚུན་ རྐང་སྟོང་སྦེ་ ཉིན་ལམ་༥ འགྱོ་དགོ་ནི་ཨིན་རུང་ ད་རེས་ གནམ་དགུན་གྱི་ དུས་ཚོད་ལུ་ ཁཝ་རྐྱབ་པའི་ཁར་ གནམ་བྱཱར་གྱི་ དུས་ཚོད་ལུ་ ཆརཔ་རྐྱབ་མི་ལུ་བརྟེན་ མི་གཞན་ཚུ་གིས་གཡུས་ཚན་དེ་ནང་ འགྱོ་ཚུགས་པའི་འོས་འབབ་མེད་པའི་ཁར་ ས་གནས་དེ་ཁར་ བཙག་འཐུ་འགོ་འདྲེན་འཐབ་ནིའི་དོན་ལུ་  མི་སེར་ཚུ་ལུ་ ཉིན་འཐུས་སྤྲོད་དེ་ འབོ་མི་དེ་ ཁེ་ནི་མས་ཟེར་ བཙག་འཐུའི་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
དབུས་སུ་ནང་གཡུས་ཚན་དེ་ གངས་རི་གིས་བསྐོར་བའི་ཁར་ བྱག་ཚུ་གི་གུ་ལུ་ ཆགས་ཡོདཔ་ལས་ དེ་ནང་འགྱོ་ཚུགས་ནིའི་ གོ་སྐབས་མེདཔ་ད་ དེ་ཡང་ གཡུས་ཚན་དེ་གི་ ཁྱིམ་གུང་པ་༤ ནང་ མི་རློབས་༣༨ ལས་བརྒལ་མེདཔ་ཨིན་པས།
མགར་ས་རྫོང་བདག་ བསོད་ནམས་འཇིགས་མེད་ཀྱིས་ སླབ་མིའི་ནང་ དབུས་སུ་ནང་གཡུས་ཚན་ལུ་ ལམ་མ་ཐལ་བའི་ཁར་ སྤྱི་ལོ་༡༩༩༤ ལུ་ ཆུ་རུད་ཀྱིས་ གཡུས་ཚན་དེ་ནང་འགྱོ་སའི་ལམ་༡ ལས་བརྒལ་མེད་མི་དེ་ ཕོ་ཆུའི་འོག་ལུ་ཚུད་ནི་དེ་གིས་ ད་རེས་ ས་གནས་དེ་ཁའི་ མི་རྐྱངམ་ཅིག་གིས་མ་གཏོགས་ གཞན་གྱིས་ འགྱོ་ཚུགས་པའི་འོས་འབབ་ མེད་ཟེར་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ དྲགོས་དཔལ་ལྡན་དབང་ཕྱུག་དེ་ ནང་སྲིད་དྲུང་ཆེན་སྦེ་སྡོད་པའི་སྐབས་ ས་གནས་དེ་ཁར་ གནམ་གྲུ་ནང་འགྱོ་སྟེ དེ་ཁའི་མི་ཚུ་ གཞིས་གསར་གཏང་ནིའི་ དཔའ་བཅམ་པའི་སྐབས་ ཉན་མ་བཏུབ་ཟེར་ རྫོང་བདག་བསོད་ནམས་འཇིགས་མེད་ཀྱིས་ སླབ་ཡོདཔ་ད་ དེའི་གྲས་ཁར་ ཁོ་ཡང་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ས་གནས་དེ་ཁར་ ག་ཅིག་ར་མེད་རུང་ མི་ཚུ་སེམས་དགའ་ནུག་ཟེར་ཨིནམ་ད་ ཁོང་གིས་ གཞི་གསར་ལུ་ སྤྲོད་བ་མ་བསྐྱེད་ནི་དེ་གིས་ གཞུང་གིས་ཧོངས་ལས་ འཐུང་ཆུ་བཏོན་ནིའི་ཆུ་དུང་དང་ མེ་བསྲོ་ནིའི་བུ་ཁུ་རི་༤ ཉིན་དྲོད་སོ་ལཱར་༤ དེ་ལས་ བ་མེན་༡ བྱིན་ཡི་ཟེར་ཨིན་པས།
དེ་ལས་ ཤེས་རིག་ཡོན་ཏན་བྱིན་ནི་ལུ་དམིགས་ཏེ་ ཨ་ལུ་༤ སློབ་གྲྭ་ནང་བཏང་མི་ལས་༢ ཐོན་སྡོད་ནུག་ཟེར་ཨིནམ་ད་ གཡུས་ཚན་དེ་ནང་ སློབ་གྲྭ་དང་ གསོ་བའི་མཐུན་རྐྱེན་ཚུ་ མེད་པའི་ཁར་ ཐ་ན་ ལོ་མཆོད་གཏང་ནི་དང་ མི་ཤི་དབང་བསྐུར་འབད་མི་ བླམ་ཆོསཔ་ཅིག་ཡང་མེད་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
དབུས་སུ་ནང་གཡུས་ཚན་དེ་ ཧེ་མ་ལས་ གཞིས་ཆགས་མི་ཅིག་ཨིན་རུང་ ཁོང་གི་བྱུང་ཁུངས་ཀྱི་སྐོར་ལས་ ག་གིས་ཡང་ མི་ཤེས་དོ་ཡོདཔ་ད་ ལ་ལུ་ཅིག་གིས་འབད་བ་ཅིན་ ས་གནས་དེ་ཁར་ མི་གཞན་ལྷོད་ནིའི་ གོ་སྐབས་མེདཔ་ལས་ གཉེན་ཡང་ ནང་མི་ཚུ་དང་གཅིག་ཁར་ རྐྱབ་རྐྱབ་འོང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment