གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་ཚུ་ལས་ ངོས་ལེན་ལེགས་ཤོམ་མ་བྱུངམ།

༨/༤/༢༠༡༣   ཨིན་རུང་ རྩོད་འགྲན་དེ་ སྤྲོ་སྣང་ཅན་དང་ རྒྱུད་བསྐུལ་འབད་ཚུགསཔ་ཅིག་ མིན་འདུག་ཟེར་ སླབ་ཨིན་པས།
༉ སྤྱི་ཟླ་༤ པའི་ཚེས་༦ ལུ་ འགོ་འདྲེན་འཐབ་མི་ བསམ་གྲུབ་ལྗོངས་མཁར་གྱི་ མི་མང་རྩོད་བསྡུར་དེ་ནང་ བཅའ་མར་གཏོགས་མི་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་ མེད་ནི་དེ་གིས་ བཙག་འཐུ་འགོ་དཔོན་ཚུ་ལུ་ སེམས་ཕམ་བྱུང་ཡོདཔ་ཨིན་པས།

གཡོན་ཁ་ཐུག་ལས་ ལའུ་རི་རྒེད་འོག་གི་ གདམ་ངོ་འཇིགས་མེད་དབང་ཕྱུག་དང་ ཨོ་རོང་རྒེད་འོག་གི་གདམ་ངོ་ ཀུན་དགའ་རྡོ་རྗེ་ དེ་ལས་ བདེ་བ་ཐང་ཁྲོམ་གྱི་གདམ་ངོ་ སངས་རྒྱས་ལྷུན་གྲུབ་༣ གྱི་བར་ན་ རྩོད་འགྲན་འབད་བའི་བསྒང་།


དེ་ཡང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ གདམ་ངོ་༣ གྱི་བར་ན་ མི་མང་རྩོད་འགྲན་འབདཝ་ད་ བཅའ་མར་གཏོགས་མི་ བསམ་གྲུབ་ལྗོངས་མཁར་ལུ་སྡོད་མི་༢༠ དེ་ཅིག་ལས་མེད་མི་ཚུ་ཡང་ བཙག་འཐུ་དང་ རྫོང་ཁག་འགོ་དཔོན་ཚུ་གིས་ རྩོད་བསྡུར་ནང་ བཅའ་མར་གཏོགས་པར་ཤོག་ཟེར་ སླབ་མི་ལུ་བརྟེན་ འོང་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལུ་ སྡོད་མི་ཚུ་གིས་ སླབ་མིའི་ནང་ རྩོད་བསྡུར་འབད་སའི་ ས་ཁོངས་ནང་ འགྱོ་ནི་བ་ རང་སོའི་ཁྱིམ་ནང་སྡོད་དེ་ རྒྱང་མཐོང་ཊི་བི་ནང་ དངོས་མཐོང་སྦེ་ ལྟ་ནི་དེ་ སྟབས་བདེ་བས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་སློབ་གྲྭ་ཆུང་མའི་ འཁྲབ་སྟོན་ཁང་ནང་ འགོ་འདྲེན་འཐབ་མི་ རྩོད་བསྡུར་ནང་ བཅའ་མར་གཏོགས་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ རྩོད་འགྲན་དེ་ གནད་དོན་གཏིང་ཟབ་དང་ ཡང་ཅིན་ རྒྱུད་བསྐུལ་འབད་ཚུགསཔ་ཅིག་ ག་ནི་ཡང་ མ་མཐོང་ཟེར་ཨིན་པས།
གདམ་ངོ་ཚུ་གིས་ ད་རིས་ཀྱི་ བཙག་འཐུའི་ནང་ ནན་བསྐྱར་དུ་ དོ་འགྲན་འབད་ནི་གི་ དང་འདོད་བསྐྱེད་དགོ་པའི་ རྒྱུ་མཚན་ག་ཅི་ཨིན་ན་ གསལ་བཤད་འབད་ཡོདཔ་མ་ཚད་ གལ་སྲིད་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཙག་འཐུ་འགྲུབ་པ་ཅིན་ བསམ་གྲུབ་ལྗོངས་མཁར་གྱི་ མི་སེར་ཚུ་ལུ་ བྱུང་མི་ དཀའ་ངལ་ཚུ་ བསལ་ཐབས་འབད་ནི་ཨིན་པའི་སྐོར་ གསལ་བཤད་འབད་ནུག།
གདམ་ངོ་༣ ལས་ དང་པ་ར་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བགྲེསཔ་ ལའུ་རི་རྒེད་འོག་གི་ གདམ་ངོ་འཇིགས་མེད་དབང་ཕྱུག་གིས་ གསལ་བཤད་འབད་མིའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ སྡོད་ཁྲི་དོན་ལུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ལས་ གདམ་ངོ་ཁོང་༣ མ་གཏོགས་ འདེམས་ངོ་གསརཔ་མ་ཐོན་མི་ལུ་ལྟ་སྟེ་ ཧ་ལསཔ་མས་ཟེར་ཨིན་པས།
གདམ་ངོ་ང་བཅས་༣ ལས་བརྒལ་ རྫོང་ཁག་ནང་ ལྕོགས་གྲུབ་ཅན་གྱི་ གདམ་ངོ་གཞན་མེདཔ་ཨིན་ན་ཟེར་ དོགས་སྣང་བསྐྱེད་ནི་དང་ དྲི་བ་བཀོད་དགོཔ་བྱུངམ་མས་ཟེར་ ཁོ་གིས་ བཤད་པའི་ཁར་ སྤྱི་ལོ་༢༠༠༨ ཀྱི་བཙག་འཐུ་བཟུམ་སྦེ་ ད་རིས་ཀྱི་ བཙག་འཐུ་ནང་ཡང་ ཧེ་མའི་གདམ་ངོ་༣ གྱིས་ ལོག་སྟེ་ར་ དོ་འགྲན་འབད་དོ་ཡོདཔ་ལས་ གཅིག་ལས་ལྟ་བ་ཅིན་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཁོང་༣ ཆ་ར་ ངོ་ཤེས་ཚུགསཔ་ལས་ ལེགས་ཤོམ་ཨིན་པས་ཟེར་ སླབ་ཨིན་པས།
འཇིགས་མེད་དབང་ཕྱུག་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ ཕྱག་ཞུ་བའི་གནས་ཡུན་སྐབས་ གཡུས་ཚན་ཚུ་ནང་ ལྟ་སྐོར་འབདཝ་ད་ མི་སེར་ཚུ་གིས་ སྤྱི་ཚོགས་ཀྱི་ ལཱ་དང་འགན་ཁུར་ག་ཅི་ཨིན་ན་ ཧ་མ་གོ་བའི་ཁར་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མིའི་འགན་ཁུར་ཚུ་དང་ དབྱེ་བ་ཕྱེ་མ་ཚུགས་པར་ མགུ་འཐོམ་བྱུང་ནུག་ཟེར་ཨིན་པས།
གསལ་བཤད་འབད་མི་༢ པ་ ཨོ་རོང་རྒེད་འོག་གི་གདམ་ངོ་ སྐྱེས་ལོ་༣༡ ལང་མི་ ཀུན་དགའ་རྡོ་རྗེ་གིས་ ཁོ་རའི་སྐོར་ ངོ་སྤྲོད་མདོར་བསྡུས་ཅིག་ འབད་བའི་ཤུལ་ལུ་ སླབ་མིའི་ནང་ དཀའ་ངལ་ཚུ་ བསལ་ནིའི་དོན་ལུ་ གཞུང་གིས་ མི་སེར་དང་ མཉམ་འབྲེལ་དམ་ཟབ་ཐོག་ལས་ ལཱ་འབད་ནི་གི་ ཐབས་ལམ་ཅིག་ བཏོན་ནི་གི་ མནོ་བསམ་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ བདེ་བ་ཐང་ཁྲོམ་གྱི་གདམ་ངོ་ སྐྱེས་ལོ་༣༡ ལང་མི་ སངས་རྒྱས་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ རྒྱལ་ཁབ་གཞན་བཟུམ་སྦེ་མིན་པར་ གཞུང་སྐྱོང་ཚོགས་པ་གིས་ དུས་ཡུན་ལོ་ལྔ་གི་རིང་ དམངས་གཙོའི་གཞུང་སྐྱོང་པའི་སྐབས་ མི་སེར་དང་ གཞུང་གི་བར་ན་ མཐུན་ལམ་འགྱུར་བ་མེདཔ་སྦེ་ བཞག་མི་དེ་ ངལ་རངས་སི་སི་ཅིག་ཨིནམ་ད་ དུས་ཅིའི་ ལོ་སྔ་ཆ་ལུ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ བསམ་གྲུབ་ལྗོངས་མཁར་ལུ་ བྱོན་པའི་སྐབས་ རྫོང་ཁག་དང་ ལོ་ལྔའི་འཆར་གཞི་༡༠ པའི་ གོང་འཕེལ་གྲུབ་འབྲས་ སྐྱོ་ཤོས་ཅིག་ཨིནམ་སྦེ་ གསུངས་མི་ལུ་ གཞི་བཞག་སྟེ་ ཁོ་གིས་ སླབ་མིའི་ནང་ གོང་འཕེལ་ལས་སྣ་ཚུ་ནང་ འབྲེལ་གཏོགས་འབད་ནི་དེ་ གཞུང་དང་ ཡང་ཅིན་ ཁྲིམས་བཟོ་མིའི་ འགན་ཁུར་རྐྱངམ་གཅིག་མིན་པར་ ང་བཅས་ག་ར་ལུ་ ཕོགཔ་ཨིན་ཟེར་ཨིན་པས།
དེ་གི་ཤུལ་ལས་ དྲི་བ་དྲིས་ལན་གྱི་ ལས་རིམ་འགོ་འདྲེན་འཐབ་མི་དེ་ཡང་ རྩོད་བསྡུར་འབད་མི་ གདམ་ངོ་ཚུ་གིས་ ལན་ཧིང་སངས་ས་ཅིག་ སླབ་ནི་མེད་པའི་ མཐོང་སྣང་བྱུང་ཡོདཔ་ད་ ཁོང་གིས་ འགན་ཁུར་གྱི་སྐོར་ལས་ ཤུགས་བཏོན་ཏེ་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་མི་ དཀའ་ངལ་ཚུ་ ག་དེ་སྦེ་ བསལ་ཐབས་འབད་ནི་ཨིན་ན་ གཏིང་ཟབ་སྦེ་ མ་སླབ་པས།
ཨིན་རུང་ བསམ་གྲུབ་ལྗོངས་མཁར་གྱི་ མི་སེར་ཚུ་གིས་ གདམ་ངོ་༣ ལས་ ག་ལུ་ཚོགས་རྒྱན་བཙུགས་ནི་ཨིན་ན་ ད་ལྟོ་ ཐག་བཅད་མ་ཚུགས་པར་ ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment