གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་སྒའི་ཚོང་ལམ་ ལེགས་ཤོམ་འཐབ་ཚུགས་མི་ལུ་ སེམས་དགའ་ཡོདཔ།

༢/༤/༢༠༡༣   ༉ དར་དཀར་ནང་རྫོང་ཁག་ བཀྲ་ཤིས་སྡིངས་རྒེད་འོག་གི་ མི་སེར་སོ་ནམ་པ་ཚུ་གིས་ དགེ་ལེགས་ཕུག་ལུ་སྦེ་ འདས་པའི་བདུན་མཐའ་ནང་ ས་སྒའི་གོང་ཚད་རིན་བསྡུར་ནང་ འགོ་དང་པ་ བཅའ་མར་གཏོགས་པའི་སྐབས་ གོང་ཚད་ལེགས་ཤོམ་ ཐོབ་ནི་དེ་གིས་ སེམས་དགའ་སྟེ་ ཡོདཔ་ཨིན་པས།
དར་དཀར་ནང་ལས་ ཐོན་སྐྱེད་འབད་མི་ས་སྒ།


རིན་བསྡུར་ནང་ བཀྲིས་སྡིངས་རྒེད་འོག་གི་ མི་སེར་སོ་ནམ་པ་༡༧ གྱིས་ ས་སྒ་ཡོངས་བསྡོམས་ཀེ་ཇི་༡༣༠༠ འབད་མི་དེ་ སྦོམ་ཆུང་དབྱེ་བསལ་འབད་དེ་ སྡེ་ཚན་ཀ་ཁ་ག་ཟེར་ ཁག་གསུམ་སྦེ་ཕྱེས་ཞིནམ་ལས་ བཙོང་པའི་སྐབས་ སྡེ་ཚན་ཀ་གིས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༩.༥ དང་ ཁ་ལུ་དངུལ་ཀྲམ་༣༦ དེ་ལས་ ཆུང་ཤོས་ག་པ་ལུ་ དངུལ་ཀྲམ་༣༥.༥ ཐོབ་ཡོདཔ་ཨིན་པས།
ཚོད་བསྲེ་ས་སྒ་ཚུ་ སོ་ནམ་ཚོང་འབྲེལ་མཉམ་ལས་ཚོགས་སྡེ་གིས་ སྣུམ་འཁོར་གྱི་རྒྱབ་སྐྱོར་འབད་ཐོག་ལས་འབག་ཡོདཔ་ད་ ཚོང་ཉོ་མི་ཚུ་ཡང་ རྒྱ་གར་དཱད་ག་རི་དང་ བོ་གའི་གའུ་ཁྲོམ་ཚུ་ནང་ལས་ ཚོང་པ་༡༥ འོང་ཡོདཔ་ཨིན་པས།
བཀྲིས་སྡིངས་ཀྱི་མི་སེར་སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ ས་སྒའི་གོང་ཚད་ལེགས་ཤོམ་ཐོབ་མི་ལུ་བརྟེན་ ས་སྒའི་ཐོན་སྐྱེད་ཚུ་ ཡར་དྲགས་གཏང་སྟེ་ འོང་འབབ་བཟོ་ནིའི་དོན་ལུ་ སེམས་ཤུགས་བསྐྱེད་ཚུགས་ནི་མས་ཟེར་ཨིན་པས།
ས་སྒ་བཙོང་པ་འགྱོ་མི་ཅིག་ཨིན་མི་ བཀྲ་ཤིས་ཚེ་རིང་གིས་ སླབ་མིའི་ནང་ འདས་པའི་ལོ་ནང་ ཚོང་ལམ་མེད་མི་ལུ་བརྟེན་ ས་སྒ་ཕད་ཙེ་༤ དེ་ཅིག་ མེདཔ་ཐལ་ཏེ་ ཆུད་ཟད་སོང་ཡི་ཟེར་ཨིནམ་ད་ ད་རེས་ གཞུང་གི་རྒྱབ་སྐྱོར་ཐོག་ལས་ ཚོང་ལམ་ཤེས་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དུས་ཅིའི་ཐོན་སྐྱེད་དེ་ ས་ཆ་དྲིསི་༣༠ ནང་འཛུགས་སྐྱོང་འབད་མི་ ཀེ་ཇི་༣༠༠ དེ་ཅིག་ལས་མེད་རུང་ སང་ཕོད་ལས་ ས་ཆ་ཨེ་ཀར་འབད་ར་ བཙུགས་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
སོ་ནམ་རྒྱ་བསྐྱེད་འགོ་དཔོན་ ཆོས་སྐྱིད་དབང་འདུས་ཀྱིས་ སླབ་མིའི་ནང་ དུས་ཅི་ རྒེད་འོག་ནང་གི་ ཁྱིམ་གུང་༥༠ གིས་ ས་སྒ་ མེ་ཊིག་ཊཱོན་༡༠ དེ་ཅིག་ བར་འབྲེལ་བ་ཚུ་ལུ་ བཙོང་ཡོད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ སང་ཕོད་ལས་ ཁོ་རའི་ཆུ་ཞིང་ཚུ་ཡང་ ལྕང་ལཱ་མ་རྐྱབ་པར་ ས་སྒ་བཙུགས་ནིའི་ཁས་བླངས་འབད་ཡི་ཟེར་ཨིན་པས།
རྩི་རང་དང་ དར་དཀར་ནང་རྫོང་ཁག་༢ ཀྱི་ སོ་ནམ་ཚོང་འབྲེལ་མཉམ་ལས་ཚོགས་སྡེའི་འགོ་དཔོན་ ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ ལས་ཁུངས་ཀྱིས་ སྣུམ་འཁོར་གྱི་རྒྱབ་སྐྱོར་འབད་དེ་ ཚོང་ལམ་སྟོན་མི་དེ་ མོ་བཏབ་བཟུམ་ཅིག་ཨིནམ་ལས་ མི་སེར་ཚུ་ལུ་ ཚོད་བསྲེ་རྒྱ་སྦོམ་སྦེ་ འཛུགས་སྐྱོང་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ཐབས་དང་ ལྷག་པར་དུ་ ཚོད་བསྲེ་ཚོང་འབྲེལ་འཐབ་ས་ ཐག་ཉེ་ཤོས་དེ་ སྟོན་བྱིན་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ཚུན་ལུ་ མི་སེར་ཚུ་གིས་ ས་སྒ་ཨ་ཙི་རེ་ འཛུགས་སྐྱོང་འབད་མི་ཚུ་ཡང་ ཁེ་སང་ལེགས་ཤོམ་ཐོབ་མ་ཚུགས་པར་ འདུག་ཟེར་ཨིནམ་ད་ གཞུང་གིས་རྒྱབ་སྐྱོར་འབད་མི་དེ་ ད་ལས་ཕར་ མི་སེར་སོ་ནམ་པ་ཁོང་ར་གིས་ ཚོང་འབྲེལ་འཐབ་ཚུགས་པའི་ འོས་འབབ་བཟོ་ནི་ལུ་ དམིགས་ཏེ་ ཨིན་ཟེར་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment