གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་༤༧ གཏན་འཁེལ་སོང་ཡོདཔ།

༡༠/༥/༢༠༡༣    ༉ མི་སེར་དམངས་གཙོའི་ཚོགས་པ་དེ་ སྤྱི་ཚོགས་༢ པའི་རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་ནང་ དོ་འགྲན་འབད་ནིའི་དོན་ལུ་ འདེམས་ངོ་༤༧ ཆ་མཉམ་ཚང་ཡོདཔ་བཞིན་དུ་ ཁ་ཙ་ ཚོགས་པའི་འདེམས་ངོ་ ལྷག་ལུས་༡༡ པོ་ མི་མང་ལུ་ ངོ་སྤྲོད་འབད་ཡི།


རྡོ་ཕུག་འབྲུག་པ། དཀར་སྦྱིས་-རྟ་ལོག་འདེམས་ཁོངས།
སྐྱེས་ལོ་༤༥ ལང་མི་ རྡོ་ཕུག་འབྲུག་པ་གིས་ སྤུ་ན་ཁ་ དཀར་སྦྱིས་-རྟ་ལོག་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་གིས་ ཕི་ལི་པིནསི་ གཙུག་ལག་སློབ་སྡེ་ལས་ སོ་ནམ་དཔལ་འབྱོར་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཏེ་ སྤྱི་ལོ་༡༩༩༧ ལས་༢༠༠༧ ཚུན་ སོ་ནམ་ལས་ཁུངས་དང་ སྤྱི་ལོ་༢༠༠༨ ལས་༢༠༠༩ ཚུན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ལཱ་འབད་བའི་ཤུལ་ལུ་ གྲོས་སྟོན་པ་སྦེ་ ལཱ་འབད་ཡོདཔ་ཨིན་པས།
ཁོ་གིས་ སྲིད་དོན་ཚོགས་པའི་ནང་ བཅའ་མར་གཏོགས་དགོ་མི་དེ་ཡང་ འབྲུག་རྒྱལ་ཁབ་མཐའ་དབུས་མེད་པའི་ མི་སེར་ཡོངས་ལུ་ ཕྱག་ཕྱིད་གང་དྲག་ཞུ་ཐབས་ལུ་ཨིན་ཟེར་ སླབ་ཨིན་པས།
རྡོ་རྗེ་འབྲུག་པ། བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས།
སྐྱེས་ལོ་༣༠ ལང་མི་ རྡོ་རྗེ་འབྲུག་པ་དེ་ བཀྲིས་སྒང་བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ལས་ཨིནམ་ད་ ཁོ་གིས་ རྒྱ་གར་ནུབ་བེང་གཱལ་གཙུག་ལག་སློབ་སྡེ་ལས་ ཚོང་འབྲེལ་བདག་སྐྱོང་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ གཞུང་མིན་ལས་སྡེ་ཅིག་ནང་ ལས་འགུལ་འཛིན་སྐྱོང་པ་སྦེ་ ལོ་ངོ་ཕྱེད་དང་༣ གྱི་རིང་ ལཱ་འབད་ཡོདཔ་ཨིན་པས།
རྡོ་རྗེ་འབྲུག་པ་གིས་འབད་བ་ཅིན་ མི་སེར་དམངས་གཙོའི་ཚོགས་པ་གིས་ ལོ་ངོ་༥ འི་རིང་ ལྡོག་ཕྱོགས་ཀྱི་ འགན་ཁུར་འབག་སྟེ་ལཱ་འབད་མི་ལུ་ལྟ་སྟེ་ ཁོ་ར་ ངལ་རངས་བྱུང་ཡི་ཟེར་ཨིན་པས།

ཌོག་ཊར་འཕྲིན་ལས་ནོར་བུ། བར་མཚམས་-གཤོང་ཕུག་འདེམས་ཁོངས།
བཀྲིས་སྒང་རྫོང་ཁག་ བར་མཚམས་-གཤོང་ཕུག་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་མི་ ཌོག་ཊར་འཕྲིན་ལས་ནོར་བུ་གིས་ མི་ཡཱན་མར་ ཡཱན་གཱུན་གཙུག་ལག་སློབ་སྡེ་ལས་ ཨེམ་བི་བི་ཨེསི་གི་སློབ་སྦྱོང་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༣༩ ལང་མི་གིས་ རྒྱལ་ཁབ་ཀྱི་ གསོ་བའི་ ལྟེ་བ་ལེ་ཤ་ཅིག་ནང་ ལོ་ངོ་༨ ཀྱི་རིང་དང་ མང་སྡེ་ཆུ་ གློག་མེ་ལས་འགུལ་ནང་ ལོ་༡ གི་རིང་ གསོ་བའི་འགོ་དཔོན་སྦེ་ ལཱ་འབད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དམངས་གཙོའི་གཞུང་དེ་ མཐར་འཁྱོལ་ཅན་ཅིག་ འོང་ནིའི་དོན་ལུ་ མི་སེར་ཡོངས་ཀྱིས་ དེ་ནང་བཅའ་མར་གཏོགས་དགོཔ་ཁག་ཆེ་ཟེར་ཨིན་པས།
གོང་གསར་ཀརྨ་ཆོས་འཕེལ། ར་ལྡི་-སག་སྟེང་འདེམས་ཁོངས།
བཀྲིས་སྒང་ ར་ལྡི་–སག་སྟེང་འདེམས་ཁོངས་ལས་ སྐྱེས་ལོ་༤༣ ལང་མི་ གོང་གསར་ཀརྨ་ཆོས་འཕེལ་གྱིས་ ཚོགས་པའི་ འདེམས་ངོ་ཨིནམ་ད་ ཁོ་གིས་ ཡུ་ཨེསི་ཊེ་སཱེསི་གཙུག་ལག་སློབ་སྡེ་ལས་ སྐྱེ་ལྡན་རིག་པ་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་ཨིན་པས།
བསྟན་རྒྱས་ལྷན་ཁག་ནང་ གནམ་གཤིས་མཁས་མཆོག་སྦེ་ ལོ་༧ དང་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ནང་ ཆུ་ལྟ་རྟོག་སྡེ་ཚན་གྱི་ གཙོ་འཛིན་སྦེ་ ལོ་ངོ་༡༢ ལཱ་འབད་ཡོདཔ་ད་ ཁོ་གིས་ འདས་པའི་ལོ་ངོ་༥ སྲིད་དོན་གྱི་ ལམ་ལུགས་ལྟ་བའི་སྐབས་ མི་སེར་དམངས་གཙོའི་ཚོགས་པའི་ ལས་དོན་ལུ་ ངལ་རངས་བྱུང་ཡི་ཟེར་ཨིན་པས།
གོ་པཱལ་གུ་རུང་། དགེ་ལེགས་ཕུག་འདེམས་ཁོངས།
སྐྱེས་ལོ་༤༥ ལང་མི་ གོ་པཱལ་གུ་རུང་གིས་ གསར་སྤང་དགེ་ལེགས་ཕུག་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་གིས་ རྒྱ་གར་ པུ་ནེ་ཇ་ཝ་ལཱལ་ ནེ་རུ་ གཙུག་ལག་སློབ་སྡེ་ལས་ ནང་དོན་རིག་པའི་ཤེས་ཚད་ མཐར་འཁྱོལ་ཡོདཔ་ཨིན་པས།
འབྲུག་གི་དམག་སྡེ་ནང་ ལོ་ངོ་༢༢ ཀྱི་རིང་ཕྱག་ཞུ་མི་ གོ་པཱལ་གུ་རུང་གིས་འབད་བ་ཅིན་ དམག་མིའི་ཐོག་ལས་ གཞུང་དང་ མི་སེར་ལུ་ ཕྱག་ཞུ་ཡོདཔ་མ་ཚད་ ད་རིས་ སྲིད་དོན་ནང་ བཅའ་མར་གཏོགས་མི་དེ་གིས་ ད་རུང་ རྩ་བ་གསུམ་ལུ་ ཕྱག་ཞུ་ནིའི་གོ་སྐབས་ འཐོབ་ནི་མས་ཟེར་ཨིན་པས།

ཀརྨ་རྡོ་རྗེ། འབྲུག་རྗེས་སྒང་-རྩེ་བཟང་འདེམས་ཁོངས།
སྐྱེས་ལོ་༣༥ ལང་མི་ ཀརྨ་རྡོ་རྗེ་དེ་ དར་དཀར་ན་ འབྲུག་རྗེས་སྒང་-རྩེ་བཟང་འདེམས་ཁོངས་ཀྱི་ འདེམས་ངོ་ཨིནམ་ད་ ཁོ་གིས་ རྒྱ་གར་ ནུབ་བེང་གཱལ་གཙུག་ལག་སློབ་སྡེ་ལས་ མཐོ་རིམ་ཤེས་ཚད་མཇུག་བསྡུ་བའི་ཤུལ་ལུ་ དར་དཀར་ནང་ལུ་ ལོ་༥ གི་རིང་ སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པའི་ གཞི་རྩ་དང་ ལྟ་བ་དེ་ དབང་ཚད་ཕྱིར་སྤེལ་ལུ་ གཞི་བཞག་སྟེ་ཨིནམ་ལས་ ཚོགས་པའི་ནང་ བཅའ་མར་གཏོགས་ཅི་ཟེར་ཨིན་པས། 

ནོ་བིན་ དར་ལ་མི། གསེར་གྱི་ཐང་-རྩི་རང་སྟོད་འདེམས་ཁོངས།
རྩི་རང་གསེར་གྱི་ཐང་ རྩི་རང་སྟོད་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་མི་ སྐྱེས་ལོ་༢༧ ལང་མི་ ནོ་བིན་དར་ལ་མི་གིས་ རྒྱ་གར་ བེང་ལོར་ལས་ ཚོང་བསྒྲགས་དང་ མི་སྟོབས་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་ད་ སྲིད་ཚོགས་ནང་ མ་འཛུལ་བའི་ཧེ་མར་ འབྲུག་པའི་གསར་ཤོག་ཚུ་ནང་ ལཱ་འབད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྲིད་དོན་ནང་ བཅའ་མར་གཏོགས་མི་དེ་གིས་ མི་སེར་གྱི་ ངོ་ཚབ་སྦེ་ ལཱ་འབད་ནི་ལུ་ གོ་སྐབས་ བཟང་པོ་ཅིག་ཨིན་མས་ཟེར་ཨིན་པས།

ཚེ་རིང་རྡོ་རྗེ། དགྲ་མེད་རྩེ་-སྔ་ཚང་དེམས་ཁོངས།
སྐྱེས་ལོ་༢༦ ལང་མི་ ཚེ་རིང་རྡོ་རྗེ་གིས་ མོང་སྒར་དགྲ་མེད་རྩེ་-སྔ་ཚང་འདེམས་ཁོངས་ལས་ཨིནམ་ད་ ཁོ་གིས་ རྒྱ་གར་ཧིན་དུསི་ཊཱན་མཐོ་རིམ་སློབ་གྲྭ་ལས་ ཚོང་འབྲེལ་འཛིན་སྐྱོང་ནང་ མཐར་འཁྱོལ་ཡོདཔ་ཨིན་པས།
འབྲུག་པའི་གློག་བརྙན་བཟོ་གྲྭ་ནང་ མདོ་ཆེན་སྦེ་ ལཱ་འབད་བའི་ཁར་ འདས་པའི་ལོ་༢ ཀྱི་རིང་ ཚོང་རྐྱབ་སྡོད་མི་ ཚེ་རིང་རྡོ་རྗེ་གིས་ སྤྱི་ལོ་༢༠༠༨ ལས་ར་ སྲིད་དོན་ནང་ འཛུལ་ཞུགས་འབད་ནི་གི་ སྤྲོ་བ་བསྐྱེད་རུང་ དེ་བསྒང་ ཁོ་ར་ལོ་ན་ཆུང་ཀུ་འབད་ནི་དེ་གིས་ གོ་སྐབས་ལེན་མ་ཚུགས་ཟེར་ཨིན་པས།
ཚེ་དབང་འགྱུར་མེད། ཆུ་སྨད་-ཨུ་ར་འདེམས་ཁོངས།
སྐྱེས་ལོ་༣༢ ལང་མི་ ཚེ་དབང་འགྱུར་མེད་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ནང་ ལོག་དོ་འགྲན་འབད་ཡོདཔ་ད་ ཁོ་གིས་ལོག་སྟེ་ བུམ་ཐང་ཆུ་སྨད་-ཨུ་ར་འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།
ཁོ་གིས་འབད་བ་ཅིན་ འདས་པའི་ལོ་༥ གི་རིང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ མི་སེར་ལུ་ ཕྱག་ཞུ་ཡོདཔ་བཞིན་དུ་ ད་རུང་ སྲིད་དོན་ནང་ བཅའ་མར་གཏོགས་ཏེ་ གཞུང་དང་ མི་སེར་ལུ་ ཕྱག་ཞུ་ནི་ཟེར་ཨིན་པས།

ཨྱོན་ཚེ་རིང་། ལམ་གོང་-ཝང་ཅང་འདེམས་ཁོངས།
དེ་བཟུམ་སྦེ་སྐྱེས་ལོ་༤༧ ལང་མི་ ཨྱོན་ཚེ་རིང་གིས་ སྤ་རོ་ལམ་གོང་-ཝང་ཅང་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་གིས་ཡང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ལོག་དོ་འགྲན་འབད་ཡོདཔ་ཨིན་པས།
ཚོགས་སྡེའི་འཐུས་མི་བགྲེསཔ་ ཨྱོན་ཚེ་རིང་གིས་ ཚོགས་པའི་ནང་ བཅའ་མར་གཏོགས་དགོ་མི་དེ་ གཞུང་དང་མི་སེར་ལུ་ འཕྲོ་མཐུད་དེ་ ཕྱག་ཞུ་ཐབས་ལུ་ཨིན་ཟེར་ སླབ་ཨིན་པས།
ཡེ་ཤེས་རྡོ་རྗེ། སྨིན་སྦིས་- བཙན་མཁར་འདེམས་ཁོངས།
སྐྱེས་ལོ་༤༢ ལང་མི་ ཡེ་ཤེས་རྡོ་རྗེ་གིས་ སྤྱི་ལོ་༢༠༠༨ ལུ་ཡང་ ཚོགས་པའི་འདེམས་ངོ་སྦེ་ ལྷུན་རྩེ་སྨིན་སྦིས་-བཙན་མཁར་ འདེམས་ཁོངས་ལས་ དོ་འགྲན་འབད་ཡོདཔ་ད་ ཁོ་གིས་ ཡུ་ཨེསི་མུ་སུ་རི་གཙུག་ལག་སློབ་སྡེ་ལས་ སྐྱེ་ལྡན་རིག་པའི་མཐོ་རིམ་ཤེས་ཚད་ནང་མཐར་འཁྱོལ་ཡོདཔ་ཨིན་པས།
ཁོ་གིས་ སྲིད་དོན་ནང་ བཅའ་མར་གཏོགས་ཞིནམ་ལས་ མཐའ་ཟུར་གཡུས་ཚན་གྱི་ དཀའ་ངལ་ཚུ་ བསལ་ནིའི་ནང་ གཙོ་བོར་བཏོན་ཏེ་ ལཱ་འབད་ནི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment