གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་༥ གིས་ འགོ་ཐོག་བཙག་འཐུའི་དོན་ལུ་ དོ་འགྲན་ཁས་ལེན་ཡི་གུ་བཙུགས་ཡོདཔ།

༦/༥/༢༠༡༣   ༉ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་ འགོ་འདྲེན་འཐབ་ནི་ཨིན་མིའི་ནང་ བཅའ་མར་གཏོགས་ནི་གི་ དང་འདོད་བསྐྱེད་མི་ སྲིད་དོན་ཚོགས་པ་༥ གིས་ ཁ་ཙ་ སྲིད་ཚོགས་ནང་ བཅའ་མར་གཏོགས་ནི་ཨིན་ཟེར་བའི་ བརྡ་མཚོན་ལུ་ བཙག་འཐུ་ལྷན་ཚོགས་ལུ་ ཚོགས་པའི་དོ་འགྲན་ཁས་ལེན་ཡི་གུ་ཚུ་བཙུགས་ཅི།
སྲིད་དོན་ཚོགས་པ་སོ་སོའི་ ངོ་ཚབ་ཚུ་གིས་ བཙག་འཐུ་ལྷན་ཚོགས་ཀྱི་མདོ་ཆེན་ལུ་ འགོ་ཐོག་བཙག་འཐུའི་ནང་ དོ་འགྲན་འབད་ནིའི་ ཁས་ལེན་ཡི་གུ་ སྤྲོད་པའི་བསྒང་།


ཚོགས་པ་ཚུ་གི་གྲས་ལས་ འགོ་དང་པ་ར་ འབྲུག་མཉམ་རུབ་ཚོགས་པ་གིས་ ཁ་ཙ་ དྲོ་པའི་ཆུ་ཚོད་༩:༥༥ ལུ་ ཁས་ལེན་ཡི་གུ་བཙུགས་པའི་ཤུལ་ལས་ ཉིན་མའི་ཆུ་ཚོད་༢:༤༠ དེ་ཅིག་ཁར་ འབྲུག་ཕུན་སུམ་ཚོགས་པ་གིས་ བཙུགས་ཡོདཔ་ད་ གཞན་མི་ཚོགས་པ་༣ གྱིས་ དུས་ཚོད་མཇུག་བསྡུ་རནམ་ད་རྐྱངམ་གཅིག་ བཙུགས་ཡོདཔ་ད་ ཚོགས་པ་ལ་ལུ་ཅིག་གིས་ འདེམས་ངོ་ཚུ་གི་ འབྲེལ་ཡོད་ཡིག་ཆ་ཚུ་ ཐོབ་མ་ཚུགསཔ་ལས་ ཚ་གྱང་ལང་དགོཔ་བྱུང་ཡོདཔ་ཨིན་པས།
ཚོགས་པ་དག་པ་ཅིག་གིས་ ཁས་ལེན་ཡི་གུ་ཚུ་ ལྟོ་རས་ཀྱིས་སྤུར་ཏེ་ འབག་འོང་ཡོདཔ་ཨིན་རུང་ མི་སེར་དམངས་གཙོ་ཚོགས་པ་གི་ འདེམས་ངོ་ཚུ་གིས་ བཙག་འཐུ་ལྷན་ཚོགས་ཡིག་ཚང་ནང་ དྲོ་པ་ལས་ ལྷོད་ཡོདཔ་ཨིན་རུང་ ཕྱི་རུའི་ཆུ་ཚོད་༥ རནམ་ད་རྐྱངམ་གཅིག་ འདེམས་ངོ་༢ ཀྱི་ ཡིག་ཆ་ཚུ་ཐོབ་ཡོདཔ་ལས་ ཁས་ལེན་ཡིག་ཆ་གུ་ ཙམ་པ་ཀའི་མེ་ཏོག་གཏོར་ཏེ་ འབག་འོང་ཡོདཔ་ད་ འབྲུག་སྤྱིར་དབང་ཚོགས་པ་གིས་ཡང་ ཡིག་ཆ་ཚུ་ དུས་ཚོད་ཚང་རནམ་ད་རྐྱངམ་གཅིག་ སྤྲོད་ཚུགས་ཡོདཔ་ཨིན་པས།
ཁ་ཙ་ ཁས་ལེན་ཡི་གུ་སྤྲོད་མི་དེ་ སྲིད་དོན་ཚོགས་པ་ཚུ་གིས་ འགོ་ཐོག་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ མཐར་འཁྱོལ་མི་འཁྱོལ་ བལྟ་ནིའི་དོན་ལུ་ཨིནམ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་པའི་ཡིག་ཆ་ཚུ་ དབྱེ་ཞིབ་འབད་དེ་ ད་རིས་ གྲུབ་འབྲས་གསལ་སྟོན་འབད་ནི་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚོགས་པའི་ཁས་ལེན་ཡི་གུ་ཚུ་ དབྱེ་ཞིབ་འབད་བའི་སྐབས་ ངོ་མ་ར་ ཁྲིམས་དོན་གྱི་ཡིག་ཆ་དང་ འདེམས་ངོ་ཚུ་ ཚོགས་པ་གཞན་ཚུ་ནང་ ཡོད་མེད་བལྟ་ནི་ དེ་ལས་ ཚོགས་པའི་མ་དངུལ་གྱི་རྩིས་ཁྲ་ཚུ་ དབྱེ་ཞིབ་འབད་ནི་ཟེར་ཨིན་པས།
སྲིད་དོན་ཚོགས་པ་༥ གིས་ ཁོང་རའི་ ཁས་ལེན་ཡི་གུ་ཚུ་ བཙག་འཐུ་ལྷན་ཚོགས་ལུ་ ཕུལ་ཚུགས་ཡོདཔ་ལས་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ག་ར་གིས་ འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་གོ་སྐབས་ འཐོབ་ཚུགས་པའི་ འཆར་སྣང་བཤདཔ་ཨིན་རུང་ ཚོགས་པ་ཚུ་གིས་ ཡིག་ཆ་ཚུ་ག་ར་ ཚངམ་སྦེ་ཡོད་མེད་ལུ་ རག་ལས་ནི་ཨིན་པས།
དུས་ཚོད་མཇུག་ལུ་ འུར་བྱེལ་འཐབ་མི་ ཚོགས་པ་མང་ཤོས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཚོགས་པ་མང་ཤོས་ཀྱིས་ ལཱ་ཁག་རྐྱབ་དོ་བཟུམ་སྦེ་ མགར་ས་རྫོང་ཁག་ནང་ལས་ འདེམས་ངོ་ཚུ་ འཐོབ་ནི་ལུ་ དཀའ་ངལ་བྱུང་ཡི་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ འཐུས་མི་བགྲེསཔ་ དམ་ཆོས་རྡོ་རྗེ་གིས་ འདེམས་ངོ་མང་ཤོས་ར་ ཞི་གཡོགཔ་ནང་ལས་འབད་ནི་དེ་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལས་ དགོངས་ཞུ་འབད་བའི་སྐབས་ འབད་དགོཔ་ལེ་ཤ་ཐོནམ་ལས་ དུས་ཚོད་ལེ་ཤ་ འགོར་སོ་ཡི་ཟེར་ཨིནམ་ད་ ཨིན་རུང་ བཙག་འཐུ་ལྷན་ཚོགས་ཀྱི་ ལམ་ལུགས་དང་འཁྲིལ་ དུས་ཚོད་ཁར་ འབད་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
དེ་ཡང་ འགོ་དང་པ་ར་ འདེམས་ངོ་ཚུ་ གཏན་འཁེལ་བཟོ་བའི་ཤུལ་ལས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་ལས་ ཡིག་ཆ་ཚུ་ འཐོབ་དགོཔ་ལས་ དེ་ཚུ་ ཉིནམ་དག་པ་ཅིག་གི་ཧེ་མ་ལས་ འབད་ཚར་ཡོད་རུང་ ལཱ་དག་པ་ཅིག་ ལོག་འབད་དགོཔ་ཐོན་ཏེ་ དུས་ཚོད་མཇུག་ལུ་རྐྱངམ་གཅིག་ འབད་ཚུགས་ཅི་ཟེར་ཨིན་པས།
དམ་ཆོས་རྡོ་རྗེ་གིས་ ཤར་ཕྱོགས་རྫོང་ཁག་གི་ མོང་སྒར་དང་ བཀྲིས་སྒང་བཀང་ལུང་ལས་ འདེམས་ངོ་མེདཔ་མེན་པར་ ཡིད་ཆེས་བསྐྱེད་ཚུགས་པའི་འདེམས་ངོ་ འཐོབ་ཚུགས་ནིའི་དོན་ལུ་ དཀའ་ངལ་དུམ་གྲ་རེ་ ཐོན་ཡི་ཟེར་ཨིནམ་ད་ ཨིན་རུང་ འགོ་ཐོག་བཙག་འཐུ་ནང་ ཐོ་བཀོད་འབད་ཚུགས་ཡོདཔ་ལས་ ད་ལས་ཕར་ ཁོང་གིས་འབད་དགོཔ་ ལེ་ཤ་ཡོདཔ་ལས་ འགོ་དང་པ་ར་ སྤྱི་ཟླ་༥ པའི་ཚེས་༨ དང་༡༠ ལུ་ གཙོ་འཛིན་ནང་འཁོད་ཀྱི་ གྲོས་བསྡུར་འབད་དགོ་པའི་ཁར་ སྤྱིར་བཏང་གྲོས་འཛོམས་ཀྱི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་དགོཔ་ལས་ ལཱ་འབད་ཚར་མ་ཚར་ འོང་ནི་མས་ཟེར་ཨིན་པས།
བྷུ་ཊཱན་ཀུན་མཉམ་པར་ཊི་གི་ བསོད་ནམས་སྟོབས་རྒྱས་ཀྱིས་ ཁས་ལེན་ཡི་གུ་བཙུགས་པའི་སྐབས་ སེམས་འཁྲུལ་སི་སི་དང་ གྲུབ་འབྲས་ཅན་ཅིག་ཨིནམ་ལས་ འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་ཚུགས་ནི་གི་ ཡིད་ཆེས་ཡོད་ཟེར་ཨིནམ་ད་ ཁོང་གི་དོན་ལུ་ཡང་ འདེམས་ངོ་ཚུ་ གཏན་འཁེལ་བཟོ་ནི་དེ་ ལཱ་ཁག་རྐྱབ་ཅི་ཟེར་ཨིན་པས།
འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་དང་གཅིག་ཁར་ བདེན་སྦྱོར་གྱི་ཡིག་ཆ་འཐོབ་ནི་དེ་ ལཱ་ཁག་རྐྱབ་ཅི་ཟེར་ཨིནམ་ད་ མགར་ས་རྫོང་ཁག་ནང་ གཞན་ཚོགས་པ་ཚུ་བཟུམ་སྦེ་ རྫོང་ཁག་དེ་ནང་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ གྱངས་ཁ་ཆོདཔ་ཅིག་ལས་ མེད་ནི་དེ་གིས་ འདེམས་ངོ་འཐོབ་ནི་ལུ་ ལཱ་ཁག་རྐྱབ་ཅི་ཟེར་ ཁོ་གིས་བཤད་ཅི།
འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ བསྟན་འཛིན་ལེགས་འཕེལ་གྱིས་ སླབ་མིའི་ནང་ ཁོང་གིས་ ལྷོ་ཐིམ་ཕུ་གི་ འདེམས་ངོའི་དོན་ལུ་ དུམ་གྲ་ཅིག་ གྲ་སྒྲིག་འབད་མ་ཚུགས་རུང་ གཞན་འདེམས་ངོ་ཚུ་གི་ ཡིག་ཆ་ཚུ་ག་ར་ གྲ་སྒྲིག་འབད་ཡི་ཟེར་ཨིནམ་ད་ ད་ལས་ཕར་ གྲོས་བསྡུར་ཚུ་གི་དོན་ལུ་ གྲ་སྒྲིག་འབད་ནི་ཨིན་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་རའི་ཚོགས་པ་གིས་ གྱངས་ཁ་བཟང་ཤོས་༥ ལུ་སྒུག་སྟེ་ དུས་ཚོད་མཇུག་ལུ་ ཡིག་ཆ་བཙུགས་ཅི་ཟེར་ཨིནམ་ད་ མོ་གིས་ བདེན་སྦྱོར་གྱི་ཡི་གུ་ཚུ་ སྤྱིར་བཏང་གྲོས་བསྡུར་གྱི་སྐབས་ལུ་རྐྱངམ་གཅིག་ དགོཔ་འོང་མནོ་སྟེ་སྡོད་ཡོདཔ་ལས་ འདེམས་ངོ་དག་པ་ཅིག་གི་དོན་ལུ་ ལག་ཁྱེར་ཚུ་ ལེན་དགོ་ནི་དེ་གིས་ རང་སོའི་གཙུག་ལག་སློབ་སྡེ་ཚུ་ནང་ ལོག་འགྱོ་དགོཔ་ལས་ དུས་ཚོད་ལེ་ཤ་འགོར་སོ་ཡི་ཟེར་ཨིན་པས།
མོ་གིས་ མགར་ས་དང་ པདྨ་དགའ་ཚལ་ བཀྲ་ཤིས་སྒང་དང་ མོང་སྒར་རྫོང་ཁག་ཚུ་ནང་ལས་ འདེམས་ངོ་འཐོབ་ནི་ལུ་ དཀའ་ངལ་སྦོམ་བྱུང་ཡི་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ ཁས་ལེན་ཡི་གུ་དེ་ ཉིན་མའི་ཆུ་ཚོད་༢:༣༠ དེ་ཅིག་ལུ་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ འཕྲིན་ལས་རྒྱ་མཚོ་གིས་ འགོ་ཁྲིད་ཐོག་ལས་ བཙུགས་ཡོདཔ་ད་ ཚོགས་པ་གིས་ ཉིནམ་༢ ཀྱི་ཧེ་མར་ ཕུལ་ནི་གི་ འཆར་གཞི་བཟོ་ཡོད་རུང་ ར་ལྡི་འདེམས་ཁོངས་ཀྱི་ འདེམས་ངོ་གཏན་འཁེལ་བཟོ་ནིའི་དོན་ལུ་ སྒུག་སྟེ་ལུས་སོ་ཡི་ཟེར་ཨིན་པས།
ཨིན་རུང་ ཚོགས་པ་གིས་ འདེམས་ངོ་འཇིགས་མེད་ཚུལ་ཁྲིམས་ལུ་ ཉོགས་བཤད་ཡོད་པའི་སྐོར་ལས་ བརྡ་བརྒྱུད་ནང་ཐོན་ཡོདཔ་ལས་ འདེམས་ངོ་གཏན་འཁེལ་གྱི་སྐོར་ལས་ ག་ནི་ཡང་ སླབ་མ་བཏུབ།
བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁས་ལེན་ཡི་གུ་ཚུ་ ཆ་མཉམ་ར་ ཐོབ་ཚར་ཏེ་ཡོདཔ་ལས་ སྤྱི་ཁྱབ་ཀྱིས་ འགོ་འདྲེན་ཐོག་ ཚོགས་ཆུང་བཟོ་ཡོད་མི་ཚུ་གིས་ བརྟག་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ཀྱིས་ སླབ་མིའི་ནང་ ཉེར་མཁོའི་ཡིག་ཆ་ཚུ་ ཚངམ་སྦེ་མེད་པ་ཅིན་ ཆ་མེད་འགྱོ་ནི་གི་ གོ་སྐབས་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།




No comments:

Post a Comment