གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྤྱིར་དབང་ཚོགས་པ་གིས་ མི་སེར་གྱི་དཀའ་ངལ་བསལ་ཏེ་ མི་སྡེ་ཡར་དྲག་གཏང་ནི།

ལི་ལི་དབང་ཕྱུག་དང་ ཚོགས་པའི་འདེམས་ངོ་ རྣམ་རྒྱ་རྡོ་རྗེ་གིས་ བསྐུལ་བསྒྲགས་འབད་བའི་བསྒང་།
༡༥/༠༥/༢༠༡༣  ༉ འབྲུག་སྤྱིར་དབང་ཚོགས་པ་གིས་ ཁ་ཙ་ སྤུ་ན་ཁ་ལས་ ཁས་བླངས་གསལ་བསྒྲགས་འགོ་བཙུགས་ཡོདཔ་བཞིན་དུ་ དེ་བསྒང་ ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ དེ་ཁར་འཛོམས་མི་༥༠ དེ་ཅིག་དང་གཅིག་ཁར་ཕྱད་པའི་སྐབས་ མི་ཚུ་དུས་ཡུན་ཆུ་ཚོད་༢ དེ་ཅིག་ བསྒུགས་བཞག་མི་ལུ་ བཟོད་པ་བཞེས་དགོ་ཟེར་སླབ་ཅི།


མ་གཞི་ ཁས་བླངས་གསལ་བསྒྲགས་དེ་ ཉིན་མའི་ཆུ་ཚོད་༢ ལས་ འགོ་བཙུགས་ནི་ཨིན་རུང་ ཆུ་ཚོད་༢ དེ་ཅིག་ ཕྱིས་སོཔ་ལས་བརྟེན་ ཆུ་ཚོད་༤ ལས་བརྒལ་ འགོ་བཙུགས་མ་ཚུགསཔ་ལས་ རེ་གཉིས་ཀྱིས་ བསྒུགས་སྡོད་མ་ཚུགས་པར་ ལོག་སོང་ཡོདཔ་ཨིན་པས།
ཁས་བླངས་གསལ་བསྒྲགས་ འགོ་བཙུགསཔ་དང་འབྲེལ་ གཙོ་འཛིན་གྱིས་ སླབ་མིའི་ནང་ གཞུང་གི་ཡིག་ཆ་ཚུ་ལུ་བལྟ་བ་ཅིན་ རྒྱལ་ཁབ་ནང་གོང་འཕེལ་ལཱ་གི་གྲུབ་འབྲས་ ལེ་ཤ་བཏོན་པའི་སྐོར་ལས་ འཁོད་དེ་ཡོད་རུང་ མཐའ་ཟུར་གྱི་ གཡུས་ཚན་ཚུ་ནང་ འགྱོ་ལྟ་བའི་སྐབས་ མང་ཤོས་ཅིག་ནང་ གོང་འཕེལ་མ་འགྱོ་བས་ཟེར་ཨིན་པས།
དེ་ལུ་བརྟེན་ འབྲུག་སྤྱིར་དབང་ཚོགས་པ་གིས་ མི་སེར་གྱི་དཀའ་ངལ་སེལ་ཏེ་ མི་སྡེ་ཡར་དྲག་གཏང་ནི་ཨིནམ་ལས་ དེ་བཟུམ་གྱི་བསྒྱུར་བཅོས་འབད་ནིའི་དོན་ལུ་ ཚོགས་པ་དེ་ གཞུང་སྐྱོང་སྦེ་བཙག་འཐུ་འབད་གནང་ཟེར་ གཙོ་འཛིན་གྱིས་ དེ་ཁར་འཛོམས་མི་ཚུ་ལུ་ སླབ་ཡོདཔ་ཨིན་པས།
མོ་གིས་སླབ་མིའི་ནང་ མ་གཞི་ འགོ་ཐོག་བཙག་འཐུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ ཉིནམ་༡༧ དེ་ཅིག་ལས་བརྒལ་མེད་རུང་ ཚོགས་པ་དེ་གིས་ ཁས་བླངས་གསལ་བསྒྲགས་འབད་ནི་ལུ་ རྩ་འགེངས་ནི་ཟེར་ཨིན་པའི་ཁར་ མོ་གིས་འབད་བ་ཅིན་ གལ་སྲིད་ འབྲུག་སྤྱིར་དབང་ཚོགས་པ་དེ་ བཙག་འཐུ་འགྲུབ་པ་ཅིན་ མི་སེར་གྱི་ སྐྱིད་སྡུག་ལེགས་ཤོམ་སྦེ་ བསལ་ནིའི་དོན་ལུ་ སྲིད་བྱུས་དང་བཅའ་ཁྲིམས་ཚུ་ བརྩམ་ནི་ཟེར་ཨིན་པས།
དེ་མ་ཚད་ མ་གཞི་དམངས་གཙོའི་རིང་ལུགས་དེ་ རྒྱལ་ཁབ་ནང་ གཞི་བཙུགས་འབད་དེ་ ལོ་༥ དེ་ཅིག་ལང་རུང་ མཐའ་ཟུར་གྱི་མི་ཚུ་ལུ་ ལྷོད་མ་ཚུགསཔ་ལས་ ཁོང་གི་དཀའ་ངལ་སེལ་མ་ཚུགས་པས་ཟེར་ཨིནམ་ད་ དཀའ་ངལ་དེ་ བསལ་དགོ་པ་ཅིན་ ཁྲིམས་ལུགས་དང་ སྲིད་བྱས་ཚུ་ མི་སེར་ལས་བརྒྱུད་དེ་འོང་དགོཔ་ལས་ ཚོགས་པ་གིས་ མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཐོག་ལས་ སྲིད་བྱུས་ཚུ་བརྩམ་ནི་ལུ་ གཙོ་བོ་ཏོན་ནི་ཟེར་ཨིན་པས།
དེ་ལས་ ལུང་ཕྱོགས་དང་རྫོང་ཁག་ དེ་ལས་ མི་སེར་འདྲ་མཉམ་སྦེ་ གོང་འཕེལ་གཏང་ནིའི་དོན་ལུ་ ཕྱུགཔོ་དང་སྤྱང་ཀའི་བར་ནིའི་ ས་སྟོང་མར་ཕབ་འབད་ནི་ཟེར་ཨིནམ་ད་ དེ་ཡང་ དཔེ་འབད་བ་ཅིན་ གོང་འཕེལ་གྱི་ཐད་ལས་འབད་བ་ཅིན་ སྤུ་ན་ཁ་དེ་ ཐིམ་ཕུ་དང་ཕྱད་པ་ཅིན་ ལོ་༢༥ དེ་ཅིག་གི་ཤུལ་ལས་ ལུས་ཡོདཔ་ལས་ དེ་བཟུམ་གྱི་ ས་སྟོང་མར་ཕབ་འབད་དགོ་པ་ཅིན་ སྲིད་བྱུས་དེ་ བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།
དེ་ལས་ ན་གཞོན་ལཱ་གཡོག་མ་ཐོབ་པའི་དཀའ་ངལ་དང་ ཨམ་སྲུའི་བདག་དབང་ དེ་ལས་ སྨྱོ་རྫས་ཀྱི་དཀའ་ངལ་ཚུ་ཡང་ སྲིད་བྱས་དང་ལམ་ལུགས་ཚུ་ བསྒྱུར་བཅོས་འབད་ནི་དང་ གསར་བརྩམ་ཐོག་ལས་ བསལ་ནི་ལུ་དམིགས་གཏད་བསྐྱེད་དེ་ཨིན་པའི་ཁར་ ནདཔ་འཚུབས་ཅན་ཚུ་ དུས་ཚོད་ཁར་ བརྟག་དཔྱད་འབད་ཚུགས་ནིའི་དོན་ལུ་ ཚོགས་པའི་ཧོངས་ལས་ ནད་དང་འབྲེལ་བའི་ ཞིབ་འཚོལ་འབད་དེ་ དྲུང་འཚོ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ཟེར་ཨིནམ་ད་ དེ་ཡང་ ད་རེས་མི་མང་ཤོས་ཅིག་ ཤི་རྐྱེན་བྱུང་མི་ཡང་ དྲུང་འཚོ་ཚུ་གིས་ ནད་བརྟག་འབད་ནི་ལུ་ ཕྱིས་ནི་དེ་གིས་ཨིན་མས་ཟེར་ ལི་ལི་དབང་ཕྱུག་གིས་བཤད་ཅི།
དེ་ལས་ ས་གཏེར་དང་ རྡོ་གཏེར་ཚུ་ཡང་ མི་མང་གིས་ ཁེ་སང་འཐོབ་ནིའི་དོན་ལུ་ གཏེར་བཏོན་ཐངས་དེ་ སྒེར་དང་ མི་མང་མཉམ་འབྲེལ་གྱི་ཐོག་ལས་ བཏོན་ཚུགསཔ་བཟོ་ནི་ཟེར་ཨིནམ་ད་ དེ་ཡང་ ད་རེས་ གཏེར་བཏོན་ནིའི་ལཱ་དེ་ སྒེར་གྱིས་འབད་བའི་སྐབས་ དེ་ལུ་བརྟེན་ཐོབ་མི་ ཁེ་སང་ག་ར་ སྒེར་པ་རྐྱངམ་གཅིག་མ་གཏོགས་ མི་མང་གིས་ ཐོབ་མི་ཚུགས་པས་ཟེར་ཨིན་པས།
དེ་ལས་ སྲུང་སྐྱོབ་སྒྲིང་སྒྲིང་བཞག་ནིའི་དོན་ལུ་ ཉེ་འདབས་ཀྱི་ རྒྱལ་ཁབ་ཚུ་དང་གཅིག་ཁར་ མཐུན་ལམ་ལེགས་ཤོམ་བཞག་དགོཔ་མ་ཚད་ མི་སེར་ཚུ་གི་བར་ན་ཡང་ མཐུན་ལམ་གོང་འཕེལ་གཏང་ནི་ཟེར་ཨིན་པའི་གནས་ཚུལ།

      སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment