གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདས་པའི་གཞུང་སྐྱོང་སྐབས་ གྲུབ་མ་ཚུགས་པའི་ཁས་བླངས་ ལོག་གསལ་བསྒྲགས་འབད་ཡོདཔ

འཆམ་མཐུན་ཐོག་སྡོད་མི་ སྤྱི་ཚོགས་ཀྱི་ ངོ་ཚབ་ཚུ།
༡༨/༠༥/༢༠༡༣  ༉ འབྲུག་ཕུན་སུམ་ཚོགས་པའི་ངོ་ཚབ་ འདེམས་ངོ་པ་སངས་འཕྲིན་ལས་ཀྱིས་ སྤྱི་ཟླ་༥ པའི་ཚེས་༡༦ ལུ་ དབང་འདུས་ཕོ་བྲང་ ཨ་ཐང་རྒེད་འོག་ནང་ སྤྱིར་བཏང་་གྲོས་འཛོམས་འཚོགས་པའི་སྐབས་ རྒེད་འོག་གི་ བྱ་རོག་སྒང་དང་ ཟ་ཝ་གཡུས་ཚན་༢ ནང་ སོ་ནམ་ཞིང་ལམ་གཏོན་བྱིན་ནི་ཟེར་ ཁས་བླངས་འབད་ཡོདཔ་ད་ དེ་བཟུམ་གྱི་ཁས་བླངས་དེ་ ཁོ་གིས་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུའི་སྐབས་ལུ་འབད་ཡོད་རུང་ ད་ལྟོ་ཡང་ གྲུབ་འབྲས་མཐར་འཁྱོལ་བྱུང་མ་ཚུགསཔ་ཨིན་པས།


ཁོ་གིས་སླབ་མིའི་ནང་ དེའི་སྐོར་ལས་ འཆར་གཞི་༡༡ པའི་ནང་ ཚུད་ཡོདཔ་ལས་ ལཱ་དེ་ ཟླཝ་༢ དེ་ཅིག་གི་ནང་འཁོད་ལུ་ར་ འགོ་བཙུགས་ཚུགས་ཟེར་ཨིན་པས།
དེ་མ་ཚད་ དབུལ་ཕོངས་ཀྱི་དཀའ་ངལ་དེ་ཡང་ ལོ་༥ འི་ནང་འཁོད་ལུ་ རྩ་མེད་བཏང་སྟེ་ གྲོང་གཡུས་ཚུ་ནང་ ཁྲོམ་དང་དབྱེ་བ་མེདཔ་སྦེ་ དགའ་ཏོག་ཏོ་བཟོ་བའི་སྐབས་ གྲོང་གཡུས་ལས་ ཁྲོམ་ཁར་གནས་སྤོ་འོང་མི་ཚུ་ བཀག་ཚུགས་ཟེར་ཨིན་པས།
ཞི་གཡོག་གི་ཐད་ལུ་འབདཝ་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ ཞི་གཡོགཔ་ཚུ་ དགོངས་ཞུ་འབད་བའི་སྐབས་ ཐིམ་ཕུ་ལུ་ སྡོད་ཁྱིམ་ཉོ་ཚུགས་པའི་ ལམ་ལུགས་ཡང་ བཟོ་ནི་ཟེར་ཨིནམ་མ་ཚད་ གཡུས་ཚན་ཚུ་ནང་ འཕྲུལ་གླང་གི་ལམ་ཚུ་ ཟད་འགྲོ་ག་དེ་ཉུང་ཉུང་གི་ཐོག་ལས་ སེལ་ནི་དང་ མི་རྒན་རྒས་ཚུ་ སྡོད་སའི་ཁྱིམ་རྐྱབ་ནི་ དེ་ལས་ ཁོང་འགྲོ་འགྲུལ་འབད་བའི་སྐབས་ གླ་ཆ་མར་ཕབ་ཀྱི་ཐོག་ལས་ སྐྱེལ་འདྲེན་གྱི་ཞབས་ཏོག་ཚུ་ཡང་ ཐོབ་ཚུགསཔ་བཟོ་ནི་ཟེར་ཨིནམ་ལས་ དེ་ཚུ་འགྲུབ་ཐབས་ལུ་ ད་རུང་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་གནང་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ངོ་ཚབ་འདེམས་ངོ་ རྟ་མགྲིན་དབང་ཕྱུག་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ གློ་བུར་གྱི་རྐྱེན་ངན་བྱུང་བའི་སྐབས་ ལག་ལེན་འཐབ་ནིའི་དོན་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་༢ མཁོ་སྒྲུབ་འབད་ནི་ཟེར་ཨིནམ་ད་ མ་གཞི་གནམ་གྲུ་ཟེར་ སླབ་པའི་སྐབས་ གོང་ཚད་སྦོམ་གནས་ནི་བཟུམ་ཡོད་རུང་ ཚོགས་པ་དེ་ གཞུང་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ ཉོ་ཚུགས་ཟེར་ཨིན་པས།
འདེམས་ཁོངས་གོང་འཕེལ་གནང་བྱིན་མ་དངུལ་ ལོ་ཅིག་ནང་ རྒེད་འོག་རེ་ལུ་ དངུལ་ཀྲམ་ས་ཡ་༢ རེ་བྱིན་ནི་ཟེར་ཨིནམ་ད་ དབང་འདུས་ཕོ་བྲང་ལུ་ རྒེད་འོག་༡༥ ནང་ ལོ་༡ ནང་ དངུལ་ཀྲམ་ ས་ཡ་༣༠ དེ་ཅིག་བྱིན་ནི་ཟེར་ ཁས་བླངས་འབད་ཡོདཔ་མ་ཚད་ སོ་ནམ་ཞིང་ལམ་ཚུ་ ལེགས་ཤོམ་མེདཔ་ལས་ ཚོགས་པ་གིས་ གནམ་བྱཱར་དགུན་མེད་པ་ ལམ་འགྲུལ་འབད་ཚུགསཔ་ བཟོ་ནི་ཨིན་པའི་ཁར་ རྒེད་འོག་ལྟེ་བའི་ལམ་ཚུ་ རྩི་གནག་གཏང་ནི་ཟེར་ཨིན་པས།
ཁོང་གིས་ རྒེད་འོག་ག་རའི་ནང་ ས་སྣུམ་གྱི་རིགས་དང་ མེ་རླུང་གེསི་གི་ཞབས་ཏོག་ ཐོབ་ཚུགསཔ་བཟོ་ནི་ཨིན་པའི་ཁར་ སོ་ནམ་པ་ཚུ་ལུ་ འབྱུང་བཞིའི་རྐྱེན་ངན་ལུ་བརྟེན་ ལོ་ཐོག་མེདཔ་བཏང་མིའི་རྒུད་འཐུས་ཚུ་ཡང་ གཞུང་མིན་ལས་ཚོགས་ཚུ་དང་གཅིག་ཁར་ མཉམ་འབྲེལ་གྱི་ཐོག་ལས་ ལཱ་འབད་དེ་ ཐོབ་ཚུགསཔ་བཟོ་ནི་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་འཐུས་མི་ ཕྱག་རྡོར་རྣམ་རྒྱལ་གྱིས་འབད་བ་ཅིན་ གལ་སྲིད་ ཚོགས་པ་དེ་ གཞུང་སྐྱོང་སྦེ་ བཙག་འཐུ་འགྲུབ་པ་ཅིན་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་སྒྲིང་སྒྲིང་བཟོ་ནི་ལུ་ ཤུགས་གཏོན་ནི་ཟེར་ཨིནམ་མ་ཚད་ མི་སྡེ་དཔལ་འབྱོར་ ཡར་དྲག་གཏང་ནིའི་དོན་ལུ་ སྒེར་སྡེ་ཚུ་ལུ་ རྒྱབ་སྐྱོར་འབད་དེ་ ལཱ་གཡོག་གི་གོ་སྐབས་ སྤྲོད་ནི་ཟེར་ཨིན་པས།
ན་གཞོན་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་ བསལ་ཐབས་ལུ་ ན་གཞོན་ཚུ་ སློབ་གྲྭ་ནང་ལས་ མཐར་འཁྱོལཝ་ཅིག་ ཁོང་གི་ཤེས་ཚད་དང་བསྟུན་པའི་ ལཱ་གཡོག་སྦྱོང་བརྡར་བྱིན་ནི་ཟེར་ཨིན་པས།
ཨམ་སྲུ་གི་ ལྕོགས་གྲུབ་གོང་འཕེལ་གཏང་ནིའི་དོན་ལུ་ ཨམ་སྲུ་ཚུ་ལུ་ གོ་སྐབས་འདྲ་མཉམ་བྱིན་ནི་ཨིན་པའི་ཁར་ སྲིད་བྱུས་དང་ ལམ་ལུགས་ཚུ་ཡང་ གསརཔ་བཟོ་ནི་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ རིན་ཆེན་རྣམ་རྒྱལ་གྱིས་འབད་བ་ཅིན་ ཁོང་གི་ཚོགས་པ་དེ་ མི་སེར་ སྤྱིར་བཏང་ལུ་ ཕན་ཐོགས་ཚུགས་པའི་ ཚོགས་པ་ཅིག་ཨིནམ་ལས་ མི་སེར་ཚུ་གི་ དཀའ་ངལ་ཧ་གོ་ནི་ལུ་ གཙོ་བོ་གཏོན་ནི་ཟེར་ཨིན་པས།
མི་སེར་གྱི་ གདམ་འཐུ་འབད་བའི་ཚོགས་པ་མིན་པར་ གཞུང་སྐྱོང་གི་ཚོགས་པ་ ཁ་ཅན་དབང་ཅན་གྱི་ ལག་པ་ཚུད་སོ་པ་ཅིན་ ཁོང་གི་དོན་ལུ་མ་གཏོགས་ མི་སེར་གྱི་མཐའ་དོན་ལུ་ མི་བལྟ་ནི་ཨིནམ་ལས་ སྲིད་ཚོགས་དེ་ ཉམ་ཆུང་དང་འབྲེལ་གནད་ཡོད་མི་ཅིག་ བཙག་འཐུ་འབད་དགོ་ཟེར་ཨིན་པས།
ཁོང་ལུ་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོའི་ཚོགས་པ་བཟུམ་ ཁས་བླངས་གསལ་བསྒྲགས་འབད་ནི་མེད་རུང་ རྒྱལ་ཁབ་ནང་ ངན་ལྷད་དེ་རྩ་མེད་གཏང་ནི་ལུ་ གཙོ་བོ་གཏོན་ནི་ཟེར་ཨིནམ་ད་ དེའི་དོན་ལུ་ སྲིད་ཚོགས་དེ་ འཐུས་མི་ སྤྱི་མཐུན་གྱི་ ཤེས་རབ་ལས་གྲུབ་པའི་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་གནང་ཟེར་ཨིན་པས།
སྤྱིར་བཏང་གྲོས་འཛོམས་དེ་ ཉིན་ཕྱེད་ལས་ དར་དཀར་རྒེད་འོག་ནང་ འགོ་འདྲེན་འཐབ་པའི་སྐབས་ མི་༨༥ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ད་ ཨ་ཐང་ལུ་འབད་བ་ཅིན་ མི་༤༥ ལས་བརྒལ་མེདཔ་ལས་ རྒེད་འོག་༢ ནང་ ཁྱད་ལྡན་གྱི་ཚོགས་རྒྱན་བཙུགས་མི་༨༠༠ ལྷགཔ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

                                                               དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment