གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་ལོ་༦༥ ཡན་ཆད་འབད་མི་ རྒན་རྒས་ཚུ་གི་དོན་ལུ་ མཐུན་རྐྱེན་ཚུ་བཟོ་བྱིན་ནི།

བློན་ཆེན་བགྲེསཔ་ འཇིགས་མེད་འཕྲིན་ལས་དང་ 
ཨམ་རིག་འཛིན་གྱིས་ པདྨ་དགའ་ཚལ་ལུ
ལྟ་སྐོར་འབད་བའི་བསྒང་།
༡༨/༠༥/༢༠༡༣ ༉ སྐྱེས་ལོ་༦༥ ལས་ ཡན་ཆད་འབད་མི་ འབྲུག་པའི་མི་ཁུངས་ཚུ་ དངུལ་ཁང་དང་ སྨན་ཁང་ དེ་ལས་ གཙུག་སྡེ་གཞན་དང་ ཡིག་ཚང་ཚུ་ནང་ འགྱོ་བའི་སྐབས་ གྱལ་རིམ་ནང་ བསྒུག་སྡོད་མ་དགོཔ་མ་ཚད་ མི་མང་སྐྱེལ་འདྲེན་བཱསི་ཚུ་ནང་ འགྲུལ་སྐྱོད་འབད་ནིའི་དོན་ལུ་ སྡོད་ཁྲིའི་གཙོ་རིམ་ཚུ་ཡང་ བྱིན་ནི་ཨིན་པས།


དེ་ཡང་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ པདྨ་དགའ་ཚལ་ལུ་ ཉིན་གྲངས་༣ གྱི་རིང་ ལྟ་སྐོར་འབད་བའི་སྐབས་ མི་སེར་ཚུ་ལུ་ སླབ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ སྐྱེས་ལོ་༦༥ ལྷག་མི་ རྒན་རྒས་ཚུ་ མི་མང་སྐྱེལ་འདྲེན་བཱསི་ཚུ་ནང་ འགྲུལ་སྐྱོད་འབདཝ་ད་ གླ་ཆ་བརྒྱ་ཆ་༥༠ མར་ཕབ་རྐྱབ་སྟེ་ བྱིན་ནི་ཨིན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་གྱིས་ སྤྱི་ཟླ་༥ པའི་ཚེས་༡༦ ལུ་ ནང་སྐོར་འབྲིང་རིམ་སློབ་གྲྭ་བར་མའི་ སྤྱི་དོན་ཁང་ནང་སྦེ་ མི་སེར་༣༠༠ དེ་ཅིག་དང་ཕྱད་ཡོདཔ་ད་ ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ་ལུ་ ད་ལྟོ་ཚུན་ འབྲུག་རྒྱལ་ཁབ་འདི་ དགའ་སྐྱིད་དང་ལྡན་པའི་ཁར་ རང་དབང་རང་བཙན་སྦེ་ བཞག་མི་དེ་ ག་གི་བཀའ་དྲིན་ཨིན་ན་ཟེར་བའི་ དྲི་བ་བཀོད་ཐོག་ལས་ འགོ་བཙུགས་ཡོདཔ་ཨིན་པས།
དེ་ལུ་ ལན་སླབ་མི་མེད་པར་ དུས་ཡུན་དུམ་གྲ་ཅིག་ ཁུ་སིམ་སིམ་སྦེ་ ལུས་པའི་ཤུལ་ལུ་ མི་ཅིག་གིས་ དང་པ་དཀོན་མཆོག་གསུམ་དང་ དེ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ བློན་ཆེན་ལུ་ བཀའ་དྲིན་བསམ་དགོ་ཟེར་ སླབ་ཨིན་པས།
འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ གསུམ་པ་དེ་ ང་བཅས་རའི་ ཕམ་ཚུ་ལུ་ བཀའ་དྲིན་བསམ་དགོཔ་ད་ དེ་དང་འཁྲིལ་ སྐྱེས་ལོ་༦༥ ལྷག་མི་ ཕམ་ཚུ་ལུ་ གྲོགས་རམ་འབད་ནིའི་དོན་ལུ་ མ་དངུལ་བཟོ་ནིའི་ ཁྲིམས་ལུགས་ཅིག་ བརྩམ་ནི་ཨིན་ཟེར་སླབ་ནུག།
ཕམ་རྒན་ཤོས་ཚུ་ གལ་སྲིད་ སྨན་ཁང་གི་ གླ་སྤྲོད་ཁང་མིག་ཚུ་ནང་ བཞག་དགོ་པ་ཅིན་ གླ་འཐུས་བརྒྱ་ཆ་༥༠ མར་ཕབ་ཐོག་ལས་ འཐོབ་ཚུགསཔ་ བཟོ་ནི་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ཡང་ ཞབས་ཁྲ་འཐེན་མི་ ཡོངས་གྲགས་ཅན་ མི་བྱུང་ལྷ་མོ་གིས་ ཞབས་ཁྲ་ལེའུ་༢ འཐེན་པའི་ཤུལ་ལུ་ འགོ་བཙུགས་ཡོདཔ་ཨིན་པས།
གཙོ་འཛིན་གྱིས་ འདས་པའི་ལོ་༥ འི་རིང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཕྱི་འབྲེལ་མཐུན་ལམ་དང་ དམིགས་བསལ་དུ་ རྒྱ་ནག་དང་ རྒྱ་འབྲུག་གི་མཐུན་ལམ་ཚུ་ ག་དེ་སྦེ་ར་ རྩ་བརྟན་བཟོ་ཡོདཔ་ཨིན་ནའི་སྐོར་ལས་ སླབ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འདས་པའི་ལོ་༥ ནང་བཟུམ་སྦེ་ ཕྱི་རྒྱལ་གྱི་བློན་པོ་དང་ བློན་ཆེན་ག་ཡང་ འབྲུག་ལུ་བྱོན་བྱོནམ་མེད་ཟེར་ སླབ་ཡོདཔ་ད་ འབྲུག་བཟུམ་མའི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ཀྱི་དོན་ལུ་ ཕྱི་འབྲེལ་མཐུན་ལམ་ ག་དེ་དྲག་དྲག་ ཡར་དྲག་གཏང་ནི་དེ་ ཁག་ཆེ་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ འབྲུག་གིས་ རྒྱ་ནག་རྒྱལ་ཁབ་དང་གཅིག་ཁར་ མཐུན་འབྲེལ་ཡར་དྲག་བཏང་མི་ལུ་བརྟེན་ རྒྱ་གར་གཞུང་ སེམས་མ་དགའ་བར་ཡོད་པའི་ ཚོར་སྣང་བྱུང་མི་རེ་ཡོད་པ་ཅིན་ དེ་ལུ་ བདེན་པ་བཟུང་དགོཔ་མེད་ཟེར་ ཁོ་གིས་ སླབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་དེ་ ལོ་༡ དང་༢ ཀྱི་དོན་ལུ་བཟོ་བའི་ སྲིད་ཚོགས་མེནམ་ད་ མ་འོངས་བུ་བརྒྱུད་ཚུ་གི་རིང་ལུ་ཡང་ མི་སེར་ལུ་ ཕྱག་ཞུ་ནི་ཨིན་མི་ སྲིད་ཚོགས་ཅིག་ཨིན་ཟེར་ སླབ་ཡོདཔ་ཨིན་པས།
འཇིགས་མེད་འཕྲིན་ལས་ཀྱིས་ སླབ་མི་དང་འཁྲིལཝ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ ད་ལས་ཕར་ འཕྲོ་མཐུད་འབད་དགོ་པའི་ ལཱ་ལེ་ཤ་ཡོདཔ་ལས་ ག་དེམ་ཅིག་སྦེ་ གཞུང་སྐྱོང་སོ་སོ་ཅིག་ འཐོན་པ་ཅིན་ ལཱ་ཚུ་ ག་དེ་སྦེ་ འབད་ཚུགས་འོང་ག་མནོ་བའི་ ཚ་གྱང་ཡོད་ཟེར་ཨིན་པས།
ཁོ་གིས་ རྫོང་ཁག་གཞན་ཚུ་ནང་ བསྐུལ་བསྒྲགས་འབད་དོ་བཟུམ་སྦེ་ པདྨ་མ་དགའ་ཚལ་ལུ་ཡང་ དུས་ཅི་གི་ བཙག་འཐུའི་ནང་ ལས་རྟགས་བྱ་འབད་མི་ སྲིད་ཚོགས་༢ ཡོད་པའི་སྐོར་ལས་ གོ་བརྡ་སྤྲོད་ཡོདཔ་ཨིན་པས།
ག་དེམ་ཅིག་སྦེ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ སྤྱི་ལོ་༢༠༠༨ ལུ་བཟུམ་སྦེ་ འཚབ་འཚབ་སྦེ་ ཚོགས་རྒྱན་བཙུགས་པ་ཅིན་ ལས་རྟགས་ཚུ་ འཛོལ་ནིའི་ཉེན་ཁ་ཡོདཔ་ལས་ འགྲོས་ཀྱིས་སྦེ་ དུས་ཚོད་ལེན་ཏེ་ བརྟག་ཤིང་དཔྱད་ཞིནམ་ལས་ ཚོགས་རྒྱན་བཙུགས་དགོཔ་དེ་ ཁག་ཆེ་ཟེར་ སླབ་ཡོདཔ་ཨིན་པས།
ག་དེམ་ཅིག་སྦེ་ ཁྱེད་ཀྱིས་ རྒྱབ་སྐྱོར་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་དེ་ མི་སེར་གྱི་གཞུང་ ངོ་མ་ཅིག་སྦེ་ སྡོད་འོང་ཟེར་ སླབ་ཡོད་པའི་གནས་ཚུལ།

No comments:

Post a Comment