གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་གྱི་ ཨམ་སྲུ་ཆ་ཤས་ཅིག་ལུ་ ཡིད་ཆེས་འདྲོངས་ཚུགས་ཡོདཔ།

ཨམ་སྲུ་ཅིག་གིས་ འབྲུག་སྤྱིར་དབང་ཚོགས་པའི་ 
གཙོ་འཛིན་ལུ་ དྲི་བ་བཀོད་པའི་བསྒང་།
༡༨/༠༥/༢༠༡༣  ༉ སྤྱི་ཟླ་༥ པའི་ཚེས་༡༦ ལུ་ འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་དེ་ མོང་སྒར་ལུ་ མ་ལྷོད་པའི་ཧེ་མར་ མི་སེར་ཚུ་གིས་ མོ་ ཤར་ཕྱོགསཔ་ཨིན་ཟེར་ ལོ་རྒྱུས་ཙམ་གོ་ཡོདཔ་མ་གཏོགས་ ངོ་མ་སྦེ་ ཕྱད་ཕྱདཔ་མེད་ནི་དེ་གིས་ མོ་གི་སྐོར་ལས་ ལེགས་ཤོམ་སྦེ་ མ་ཤེསཔ་ཨིན་པས།


ཨིན་རུང་ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ སྤྱི་དོན་ཁང་ནང་ གཙོ་འཛིན་གྱི་ གསལ་བཤད་ཉན་ནིའི་དོན་ལུ་འཛོམས་མི་ མི་གྲངས་༥༠ ལྷགཔ་ཅིག་ལུ་ ཡིད་ཆེས་བྱུང་མི་དེ་ཡང་ མོ་རའི་ སྲིད་ཚོགས་ཀྱི་ ལྟ་བ་དང་ དམིགས་ཡུལ་ཚུ་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ནང་མེན་པར་ ཤར་ཕྱོགས་པའི་ ཁ་སྐད་ཉག་རྐྱང་ཐོག་ལུ་ གསལ་བཤད་འབད་ནི་དེ་གིས་ཨིན་པས།
མ་གཞི་ མོང་སྒར་གྱི་ མི་སེར་ཚུ་དང་གཅིག་ཁར་ཕྱད་ནིའི་ དུས་ཚོད་དེ་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༦ དེ་ཅིག་ཁར་ཨིན་རུང་ ཉིན་མར་ ས་གནས་ཨའུ་འཚོ་ལུ་ ལྷུན་རྩེ་རྫོང་ཁག་གི་ མི་སེར་ཚུ་དང་ ཕྱད་ནི་དེ་གིས་ དུས་ཚོད་ཕྱིས་སོཔ་ལས་ གཙོ་འཛིན་གྱིས་ མོང་སྒར་གྱི་ ཞལ་འཛོམས་ཁང་ནང་ འཛུལཝ་ད་ར་ བཟོད་པ་བཞེས་གནང་དགོ་ཟེར་ ཤར་ཕྱོགས་པའི་ཁ་ནང་སླབ་སྟེ་ གསལ་བཤད་འགོ་བཙུགས་ཅི།
འགོ་ཐོག་སྐབས་ མི་སེར་ཚུ་ མོ་གི་ གསལ་བཤད་ཀྱི་ གོ་དོན་ག་དེ་སྦེ་ ལེན་ཚུགས་ག་ཟེར་ དོགས་སྣང་ཐོག་ལུ་ སྡོད་ཡོད་རུང་ ལི་ལི་དབང་ཕྱུག་གིས་ ཤར་ཕྱོགས་པའི་ཁ་ནང་ གསལ་བཤད་འབདཝ་ལས་ ཚོགས་པའི་ལྟ་བ་དང་ དམིགས་ཡུལ་ཚུ་ ཧ་གོ་ཚུགསཔ་ལས་ སེམས་དགའ་ཡི་ཟེར་ གསལ་བཤད་ཉན་པར་འོང་མི་ ཆ་གླིང་ལས་ ཨམ་སྲུ་ཅིག་གིས་ སླབ་ཨིན་པས།
དྲི་བཀོད་འབད་མི་ ཨམ་སྲུ་ཅིག་གིས་ སླབ་མིའི་ནང་ གཙོ་འཛིན་གྱིས་ མི་སྡེའི་དཀའ་ངལ་ཚུ་ ལེགས་ཤོམ་འབད་ར་ ཧ་གོ་ཡོདཔ་མ་ཚད་ གསལ་བཤད་ཡང་ ཡིད་ཆེས་འདྲོངས་ཏོག་ཏོ་སྦེ་ འབད་མི་ལུ་བརྟེན་ མོ་གི་ ཚོགས་རྒྱན་དེ་ ག་ལུ་བཙུགས་ནི་ཨིན་ན་ སེམས་ཐག་བཅད་ཚུགས་ཅི་ཟེར་ཨིན་པས།
ཨ་ལུ་༢ ཀྱི་ཨའི་ རྟ་མགྲིན་མཚོ་མོ་གིས་འབད་བ་ཅིན་ ཨམ་སྲུ་ཚུ་ལུ་ དགྲ་བྱང་ཕྱད་དེ་ ལོགས་སུ་མེད་པར་ ཁོང་རའི་ ལུས་དང་གཅིག་ཁར་ཡོདཔ་ལས་ མི་སྡེའི་ནང་ དཀའ་སྡུག་འདྲ་མིན་སྣ་ཚོགས་མྱོང་མི་ ཨམ་སྲུ་ཚུ་ཨིནམ་བཞིན་དུ་ གཙོ་འཛིན་གྱིས་ དཀའ་སྡུག་དེ་ཚུ་ ལེགས་ཤོམ་སྦེ་ར་ ཧ་གོ་སྟེ་ གདོང་ཁར་ཐོན་མི་ལུ་ དགའ་ཚོར་དང་གཅིག་ཁར་ རྒྱབ་སྐྱོར་ཡང་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཕོ་སྐྱེས་ཅིག་གིས་ཡང་ ད་རེས་ནངས་པ་ མི་སེར་སོ་ནམ་པ་ཚུ་ ཐ་ན་ བཟའ་ནི་ལྟོ་ལས་ཕྱིས་ཏེ་ ཉལ་ནིའི་དུས་ཚོད་ཡང་མེད་པར་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ སྲུང་དགོཔ་འཐོན་དོ་ཡོདཔ་ལས་ ལི་ལི་དབང་ཕྱུག་གི་ གསལ་བཤད་ལུ་ ཉན་ལྟ་བ་ཅིན་ འབྲུག་སྤྱིར་དབང་ཚོགས་པ་གིས་ ཐབས་ལམ་བཏོན་ཚུགས་ནི་བཟུམ་ མཐོང་ཅི་ཟེར་ཨིན་པས།
གཙོ་འཛིན་གྱིས་འབད་རུང་ ད་ལྟོ་ཚུན་ ལས་སྡེ་ཁག་སོ་སོའི་ནང་ ལོ་ངོ་༡༩ དེ་ཅིག་གི་རིང་ ཕྱག་ཞུ་བའི་སྐབས་ མི་སྡེའི་དཀའ་ངལ་འདྲ་མིན་སྣ་ཚོགས་ ཧ་གོ་ཡོདཔ་ལས་ དེ་ཚུ་ བསལ་ཐབས་ལུ་ མི་སེར་སྤྱིར་བཏང་གིས་དབང་བའི་ ཚོགས་པ་ཅིག་བཟོ་སྟེ་ གདོང་ཁར་ཐོན་ཡོདཔ་བཞིན་དུ་ མི་སེར་ཚུ་གིས་འབད་རུང་ ཚོགས་པ་དེ་ལུ་ རྒྱབ་སྐྱོར་གནང་འོང་མནོ་བའི་ རེ་བ་སྦོམ་ཡོད་ཟེར་བཤད་ཅི།
མོ་གིས་འབད་བ་ཅིན་ མོ་གི་ སྲིད་ཚོགས་ནང་ བློན་པོ་དང་ དཔོན་ཁག་བགྲེསཔ་ ག་ཡང་མེད་རུང་ མི་སེར་ཚུ་གི་ དཀའ་ངལ་ལེགས་ཤོམ་སྦེ་ ཧ་གོ་མི་ཚུ་ཡོདཔ་མ་ཚད་ ལོ་ན་ལས་བཅད་རུང་ རྒན་གཞོན་འདྲ་མཉམ་ཡོདཔ་ལས་ ཚོགས་པ་ལུ་ མི་སེར་ཉམ་ཆུང་ཅིག་གིས་ཡང་ འདྲོགས་ནི་དང་ འཚེར་སྣང་བསྐྱེད་མ་དགོ་པར་ འབྲེལ་བ་ལེགས་ཤོམ་སྦེ་ འཐབ་ཚུགས་པའི་ སྲིད་ཚོགས་ཅིག་ཨིན་ཟེར་ཨིན་པས།
དེ་མ་ཚད་ ཚོགས་པ་གཞི་བཙུགས་འབད་དེ་ ཟླཝ་༦ དེ་ཅིག་ལས་ མ་སོང་རུང་ ལོ་༥ འགྱོ་མི་ སྲིད་ཚོགས་དང་ ལྕོགས་གྲུབ་འདྲ་མཉམ་སོང་སྟེ་ཡོད་ཟེར་ཨིན་པས།
ད་རེས་ནངས་པ་ རྒྱལ་ཁབ་ནང་ སྟབས་མ་བདེཝ་ཅིག་ ཁྲིམས་ལུགས་ཚུ་ ལེགས་ཤོམ་མེད་མི་ལུ་བརྟེན་ ཐོན་དོ་ཡོདཔ་ལས་ རྒྱལ་ཁབ་ནང་ ཁྲིམས་ལུགས་ལེ་ཤ་ཅིག་ བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ཨིནམ་ད་ གལ་སྲིད་ མི་སེར་ཚུ་གིས་ སྲིད་ཚོགས་དེ་ལུ་ རྒྱབ་སྐྱོར་གནང་སྟེ་ གཞུང་སྐྱོང་གི་ གོ་སྐབས་ཐོབ་པ་ཅིན་ རྒྱལ་ཁབ་ཀྱི་ ཁྲིམས་གཅིག་ལུ་ ལུགས་༢ རྩ་ལས་མི་བཟོ་ཟེར་ ལི་ལི་དབང་ཕྱུག་གིས་ གསལ་བཤད་འབད་ཡི།
ད་རུང་ འབྲུག་པའི་མི་སེར་བརྒྱ་ཆ་༨༠ དེ་ཅིག་ སོ་ནམ་ལཱ་ལུ་བརྟེན་ སྡོད་མི་ཨིནམ་ལས་ ལུང་ཕྱོགས་འདྲ་མཉམ་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་ནི་དང་ མོང་སྒར་དེ་ ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ ཚོང་འབྲེལ་ལྟེ་བ་ སྦོམ་ཤོས་ཅིག་ལུ་ འགྱུར་ཚུགསཔ་འབད་ནི་ཟེར་ཨིན་པས།
མོ་གིས་ འཁོར་ལམ་དང་ འཐུང་ཆུ་ དེ་ལས་ གློག་མེ་ལ་སོགས་པའི་སྐོར་ལས་ མི་མང་ལུ་ གསལ་བཤད་མ་འབད་མི་དེ་ཡང་ འཆར་གཞི་ཚུ་ ཧེ་མ་ལས་ འཆར་གཞི་༡༡ པའི་ནང་ ཚུད་དེ་ཡོདཔ་ལས་ སྲིད་ཚོགས་ག་གིས་ གཞུང་སྐྱོང་ཐོབ་སྟེ་འབད་རུང་ ཕྱག་ཞུ་འོང་ཟེར་ སླབ་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment