གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་ཆུའི་གུ་ལས་ སྣུམ་འཁོར་འགྱོ་བཏུབ་པའི་ ཟམ་རྐྱབ་ནིའི་ཁས་བླངས།

འཛོམས་མི་རྒེད་འོག་ནང་ སྤྱིར་བཏང་གྲོས་འཛོམས་སྐབས་ 
མི་སེར་ལེ་ཤ་འཛོམས་ཡོད་པའི་མཐོང་སྣང་།
༡༨/༠༥/༢༠༡༣  ༉ སྤྱི་ཚོགས་༢ པའི་རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་འབད་ནི་དེ་ ད་རིས་ལས་ ཉིནམ་༡༣ དེ་ཅིག་ལས་བརྒལ་མེདཔ་ལས་ རྫོང་ཁག་༢༠ ག་རའི་ནང་ སྲིད་དོན་ཚོགས་པའི་འདེམས་ངོ་ཚུ་གིས་ རང་སོའི་ཚོགས་པའི་ ངོ་སྤྲོད་དང་འབྲེལ་ ཁས་བླངས་གསལ་བསྒྲགས་འབད་དོ་བཟུམ་ སྤུ་ན་ཁ་ གླིང་མུ་ཁ་དང་ སྟོད་ཝང་གི་འདེམས་ངོ་ཚུ་གིས་ཡང་ ཁས་བླངས་གསལ་བསྒྲགས་འབད་བའི་བསྒང་ཡོད།


ཁ་ཙ་ འཛོམས་མི་རྒེད་འོག་ནང་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་པའི་སྐབས་ འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ པདྨ་ལྷ་མོ་གིས་ གལ་སྲིད་ ཚོགས་པ་དེ་ གཞུང་སྐྱོང་སྦེ་ བཙག་འཐུ་འགྲུབ་པ་ཅིན་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་སྒྲིང་སྒྲིང་བཟོ་ནི་ལུ་ ཤུགས་བཏོན་ནི་ཨིནམ་མ་ཚད་ མི་སྡེའི་དཔལ་འབྱོར་ཡར་དྲག་གཏང་ནིའི་དོན་ལས་ སྒེར་སྡེ་ཚུ་ལུ་ རྒྱབ་སྐྱོར་འབད་དེ་ ལཱ་གཡོག་གི་ གོ་སྐབས་སྤྲོད་ནི་ཟེར་ཨིན་པས།
དེ་ལས་ ན་གཞོན་ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་སེལ་ཐབས་ལུ་ ན་གཞོན་ཚུ་ སློབ་གྲྭ་ནང་ལས་ མཐར་འཁྱོལཝ་ཅིག་ ཁོང་གི་ཤེས་ཚད་དང་བསྟུན་པའི་ ལཱ་གཡོག་སྦྱོང་བརྡར་བྱིན་ནི་ཟེར་ཨིན་པས།
དེ་མ་ཚད་ ཚོགས་པ་དེ་གིས་ ཨམ་སྲུའི་ལྕོགས་གྲུབ་གོང་འཕེལ་གཏང་ནིའི་དོན་ལུ་ ཨམ་སྲུ་ཚུ་ལུ་ གོ་སྐབས་འདྲ་མཉམ་བྱིན་ནི་ཨིན་པའི་ཁར་ སྲིད་བྱུས་དང་ ལམ་ལུགས་ཚུ་ཡང་ གསརཔ་བརྩམ་ནི་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ གསལ་བཤད་འབད་མིའི་ནང་ ཁོང་གི་ཚོགས་པ་དེ་ མི་སེར་སྤྱིར་བཏང་ལུ་ ཕན་པའི་ཚོགས་པ་ཅིག་ཨིནམ་ལས་ མི་སེར་ཚུ་གི་དཀའ་ངལ་ ཧ་གོ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྲིད་དོན་ཚོགས་པ་དེ་ ག་བཟུམ་ཅིག་ཨིན་རུང་ གཞི་རྩ་དང་ ལྟ་བ་ལེགས་ཤོམ་ཅིག་ དགོ་ནི་ཨིནམ་ལས་ འབྲུག་མཉམ་རུབ་ཚོགས་པ་དེ་ གཞི་བཙུགས་འབད་ཡི་ཟེར་ཨིནམ་ད་ ཚོགས་པའི་གཞི་རྩ་དང་ ལྟ་བ་ལེགས་ཤོམ་ཡོདཔ་ལས་ འཕྲལ་ཕུགས་༢ ལུ་ ལེགས་ཤོམ་འོང་ཟེར་ཨིན་པས།
གཞུང་དེ་ མི་སེར་གྱིས་ བཙག་འཐུ་འབད་མི་ཅིག་ཨིན་པ་ཅིན་ མི་སེར་དང་གཞུང་གི་བར་ན་ ཁྱད་པར་མི་ཆགས་ནི་ཨིནམ་ལས་ ཕྱག་ལེགས་ཤོམ་སྦེ་ ཞུ་ཚུགས་ཟེར་ཨིནམ་ད་ གལ་སྲིད་ གཞུང་དེ་ ཁ་དབང་ཅན་ལུ་ ཚུད་པ་ཅིན་ ཁོང་རའི་དོན་ལུ་མ་གཏོགས་ མི་སེར་གྱི་མཐའ་དོན་ མི་བལྟ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ བཙག་འཐུ་རན་པའི་སྐབས་ བཙག་འཐུ་འགྲུབ་ནིའི་དོན་ལུ་ སྲིད་དོན་ཚོགས་པ་ཚུ་གིས་ ཁས་བླངས་ལེ་ཤ་འབད་མི་ཚུ་ ཧེ་མ་ལས་ འཆར་གཞི་ནང་ཚུད་མི་ཚུ་ཨིནམ་ལས་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་དགོ་ཟེར་ཨིནམ་ད་ གཞུང་གིས་ ཕྱི་ཁ་ལས་ གྲོགས་རམ་མ་དངུལ་ཐོབ་མི་དེ་ཡང་ མི་༡ དང་༢ ཀྱི་དོན་ལས་མིན་པར་ མི་སེར་དང་ ཞི་གཡོགཔ་ཚུ་གི་དོན་ལུ་ཡང་ ཐོབ་དོ་ཡོདཔ་ལས་ དེ་ལུ ་ཡིད་ཆེས་བསྐྱེད་ནི་མི་འོང་ཟེར་ཨིན་པས།
དེ་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཌོག་ཊར་བསོད་ནམས་དབང་རྒྱལ་དབང་གིས་ སླབ་མིའི་ནང་ གལ་སྲིད་ ཁོང་གི་ཚོགས་པ་གིས་ ད་རུང་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ ད་རེས་ ཕོ་ཆུའི་གུ་ལས་ རྐང་ཟམ་ཡོད་མི་དེ་ སྣུམ་འཁོར་འགྱོ་བཏུབ་པའི་ཟམ་ལུ་ རྒྱ་བསྐྱེད་འབད་ནི་ཟེར་ཨིན་པས།
དེ་ཡང་ འཛོམས་མི་རྒེད་འོག་གི་མི་ཚུ་ གློ་བུར་གྱི་ རྐྱེན་ངན་བྱུང་སྟེ་ སྨན་ཁང་ནང་ འགྱོ་དགོཔ་རེ་འཐོན་པ་ཅིན་ ཁུ་རུ་ཐང་ལས་བརྒྱུད་དེ་ འགྱོ་དགོ་པའི་སྐབས་ ནདཔ་ལམ་ཁར་ ཤི་ནིའི་ཉེན་ཁ་ཡོདཔ་ལས་ ཟམ་པ་དེ་རྐྱབ་པ་ཅིན་ དེ་བཟུམ་གྱི་ དཀའ་ངལ་ཚུ་ བསལ་ཚུགས་ཟེར་ཨིན་པས།
མ་གཞི་ ཟམ་རྐྱབ་ནིའི་མ་དངུལ་ གཞུང་གིས་གནང་ནིའི་ འོས་འབབ་མེད་རུང་ ཁོ་གིས་གཞན་ཁ་ལས་ གྲོགས་རམ་འཚོལ་ནི་ཟེར་ཨིན་པས།
དེ་མ་ཚད་ ཕོ་ཆུ་ཕར་ཁ་ལས་ཡོད་པའི་ འཁོར་ལམ་ཡང་ རྩི་ནག་གཏང་ནི་ཟེར་ཨིནམ་ད་ དེ་ཡང་ ལམ་གྱི་གནས་སྟངས་དེ་ ཁོ་ར་ ཆུང་ཀུའི་བསྒང་ལས་ར་ དེ་བཟུམ་ཅིག་སྦེ་ མཐོང་མི་དེ་ ད་ལྟོའི་བར་ན་ཡང་ དེ་བཟུམ་སྦེ་ར་ ལུས་མི་དེ་ རྒྱ་བསྐྱེད་གཏང་དགོ་པ་ཅིན་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་གནང་ཟེར་ཨིན་པས།
དེ་མ་ཚད་ ན་གཞོན་ཚུ་ ཤེས་ཡོན་འཕྲོ་མཐུད་དེ་ ལྷབ་མ་ཚུགས་མི་ཚུ་ཡང་ ཕྱིའི་རྒྱལ་ཁབ་ལས་ གྲོགས་རམ་འཚོལ་ཐོག་ལས་ སྦྱོང་བརྡར་བྱིན་ཏེ་ ལྕོགས་གྲུབ་ཅན་བཟོ་ནི་ཨིནམ་མ་ཚད་ རྒེད་འོག་ནང་ཡོད་པའི་ སློབ་གྲྭ་༣ ཡང་ རྒྱ་བསྐྱེད་འབད་ནི་ཟེར་ཨིན་པས།
དེ་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ འཆི་མེད་རྡོ་རྗེ་གིས་འབད་བ་ཅིན་ གལ་སྲིད་ ཚོགས་པ་དེ་ གཞུང་སྐྱོང་སྦེ་ བཙག་འཐུ་འགྲུབ་པ་ཅིན་ རྒྱལ་ཁབ་ནང་ གློ་བུར་གྱི་ རྐྱེན་ངན་ཚུ་བྱུང་བའི་སྐབས་ ལག་ལེན་འཐབ་ནིའི་དོན་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་༢ མཁོ་སྒྲུབ་འབད་ནི་ཟེར་ཨིནམ་ད་ མ་གཞི་ གནམ་གྲུ་ཟེར་སླབ་པའི་སྐབས་ གོང་ཚད་སྦོམ་གནས་ནི་བཟུམ་མཐོང་རུང་ མཁོ་སྒྲུབ་འབད་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ལོ་༡ ནང་ འདེམས་ཁོངས་གོང་འཕེལ་མ་དངུལ་ རྒེད་འོག་རེ་ལུ་ དངུལ་ཀྲམ་ས་ཡ་༢ རེ་ བྱིན་ནི་ཟེར་ཨིན་པའི་ཁར་ སོ་ནམ་ཐོན་སྐྱེད་ཡར་དྲག་གཏང་ནིའི་དོན་ལུ་ སྤྱི་འོག་རེ་ལུ་ འཕྲུལ་གླང་པ་ཝར་ཊི་ལར་རེ་ བཀྲམ་སྤེལ་འབད་ནི་དང་ འཕྲུལ་ཆས་བཅོ་ནིའི་དོན་ལུ་ རྒེད་འོག་རེ་ནང་ སྣུམ་འཁོར་བཅོ་ཁང་རེ་ གཞི་བཙུགས་འབད་ནི་ཟེར་ཨིན་པས།
དེ་ལས་ ཞི་གཡོགཔ་ཚུ་གི་ དཀའ་ངལ་བསལ་ནིའི་དོན་ལུ་ ཟླ་རིམ་བཞིན་དུ་ ཁང་གླའི་འཐུས་ཐོབ་པའི་ ལམ་ལུགས་བཟོ་ནི་ཨིན་པའི་ཁར་ ས་གནས་གཞུང་སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ འགོ་ཁྲིདཔ་ཚུ་གི་ཐོབ་ལམ་ཡང་ ཡར་སེང་འབད་ནི་ཟེར་ཨིན་པས།
སྤྱི་བཏང་གྲོས་འཛོམས་ནང་ ཁྱིམ་གུང་པ་༡༤༠ ལས་ མི་གྲངས་༡༩༡ གིས་ བཅའ་མར་གཏོགས་ཡོདཔ་ད་ དེའི་གྲས་ལས་ ཕོ་སྐྱེས་༡༠༠ ཡོདཔ་ཨིན་པའི་གནས་ཚུལ།

                                                                 སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment