གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་གྱི་འཁོར་ལམ་མེདཔ་ཐལ་མི་ལུ་བརྟེན་ སྣུམ་འཁོར་དེད་གཡོགཔ་ཚུ་ལུ་ དཀའ་ངལ་བྱུང་དོ་ཡོདཔ།

༡༠/༥/༢༠༡༣   ༉ མོང་སྒར་རྒྱལ་པོའི་ཞིང་ཁྲོམ་ཁར་སྡོད་མི་དང་ ཁྲོམ་ཁར་འགྲོ་འགྲུལ་འབད་མི་ འགྲུལ་པ་ཚུ་གིས་ ད་རེས་ནངས་པ་ རྒྱལ་པོའི་ཞིང་ཁྲོམ་གྱི་ འཁོར་ལམ་ཚུ་ལུ་ ཧ་ཀ་ཧོ་ཀ་ཐོན་ཏེ་ ལེགས་ཤོམ་མེད་མི་ལུ་ མོང་སྒར་ཁྲོམ་སྡེ་ལས་འཛིན་གྱིས་ ཉམས་བཅོས་འབད་ནི་མིན་འདུག་ཟེར་ སླབ་དོ་ཡོདཔ་ཨིན་པས།
ཧ་ཀ་ཧོ་ཀ་ལེ་ཤ་ཐོན་མི་ རྒྱལ་པོའི་ཞིང་ཁྲོམ་གྱི་འཁོར་ལམ།


དེ་ཡང་ ས་གནས་ནང་སྡོད་མི་ཚུ་གིས་ སླབ་མིའི་ནང་ ལོ་ངོ་བཅུ་ཕྲག་༡ དེ་ཅིག་གི་རིང་ ཁྲོམ་གྱི་འཁོར་ལམ་དེ་ མེདཔ་ཐལ་ཡོད་རུང་ ཉམས་བཅོས་ཚུ་འབད་ནི་མེདཔ་ལས་ དབུགས་འགམ་སྟེ་ཡོད་ཟེར་ཨིནམ་ད་ དེ་ཡང་ འཁོར་ལམ་དེ་ ལེགས་ཤོམ་མེད་པའི་བསྒང་ལས་ སྣུམ་འཁོར་ཚུ་ལུ་ གནོད་པ་ཡོདཔ་མ་ཚད་ འགྲོ་འགྲུལ་འབད་མི་ཚུ་ལུ་ཡང་ ཉེན་ཁ་ཡོདཔ་ལས་བརྟེན་ ཨིན་ཟེར་ཨིན་པས།
རྒྱལ་པོའི་ཞིང་ཁྲོམ་ཁར་ ད་རེས་ནངས་པ་ འབྲིང་རིམ་སློབ་གྲྭ་གོང་མ་དང་ འབྲིང་རིམ་སློབ་གྲྭ་འོག་མའི་སློབ་ཕྲུག་ཚུ་ ཀུ་རི་ཆུ་གློག་མེ་ལས་འཛིན་གྱི་ལས་བྱེདཔ་ ཚོང་པ་ དེ་ལས་ གཞན་ཡང་ ཡིག་ཚང་སོ་སོའི་ལས་བྱེདཔ་ཚུ་གིས་ ཉིན་བསྟར་བཞིན་དུ་ འཁོར་ལམ་བདའ་སྟེ་ འགྲོ་འགྲུལ་འབད་བའི་སྐབས་ སྟབས་མ་བདེཝ་ ཐོནམ་མས་ཟེར་ཨིན་པས།
ཁྲོམ་ཁར་གླ་འཁོར་བཏང་སྡོད་མི་ དེད་གཡོགཔ་ཅིག་གིས་ འཁོར་ལམ་མེདཔ་ཐལ་ཡོད་མི་ལུ་བརྟེན་ དམིགས་བསལ་ སྣུམ་འཁོར་ཆུང་བ་ཚུ་ལུ་ སྟབས་མ་བདེཝ་སྦོམ་ཡོདཔ་ལས་ སྣུམ་འཁོར་གསརཔ་ཉོ་རུང་ མེདཔ་ཐལ་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གནས་སྟངས་དེ་ སྐྱོ་དྲགས་ཐལ་དོ་ཡོདཔ་ཨིན་རུང་ ག་གིས་ཡང་ སྣང་དག་ཅིག་མི་བསྐྱེད་དོ་ཡོདཔ་ལས་ གནས་སྟངས་དེ་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ལུ་ ཧེང་སྐལ་ར་ སྐྱོ་སུ་འགྱོཝ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཉིན་བསྟར་བཞིན་དུ་ འཁོར་ལམ་བདའ་སྟེ་ འགྲོ་འགྲུལ་འབད་དགོཔ་ཐོན་མི་ བདེ་ཆེན་གྱིས་ སླབ་མིའི་ནང་ དྲོ་པ་ སློབ་ཕྲུག་ཨ་ལུ་ཚུ་ སློབ་གྲྭ་ནང་འགྱོ་བའི་སྐབས་ སྣུམ་འཁོར་ཚུ་ ཧ་ཀ་ཧོ་ཀ་ཟུར་ཏེ་ འགྱོ་དགོཔ་ལས་ རྐང་ཐང་འགྱོ་མི་ཚུ་ལུ་ཡང་ ཉེན་ཁ་ཡོད་པའི་ཁར་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ སྟབས་མི་བདེ་བས་ཟེར་ཨིན་པས།
ཚོང་པ་ཅིག་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ འབྲེལ་ཡོད་དབང་འཛིན་ལུ་ ཞུ་བ་ཕུལ་ཡོད་རུང་ ད་ལྟོ་ཚུན་ ལན་གསལ་ག་ཅི་ཡང་ མ་ལྷོད་ཟེར་ཨིན་པས།
རྒྱལ་པོའི་ཞིང་ཁྲོམ་དེ་ རྒྱ་ཐང་ནང་བཟུམ་སྦེ་ ཚ་དྲོད་ཆེ་དྲགས་སྦེ་ཡོད་རུང་ ད་རེས་ནངས་པ་ ཁྲོམ་སྦོམ་ཅིག་ལུ་གྱུར་དོ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ རྒྱལ་པོའི་ཞིང་དེ་ ཚད་པའི་ནད་ཐོབ་སའི་ བྱེམ་ཐང་ནང་གི་ ས་ཆ་ཅིག་འབད་སྡོད་ཡོདཔ་ཨིན་པས།
ད་རེས་ཁྲོམ་དེ་ནང་ཚོང་པ་༣༠ དེ་ཅིག་ ཡོདཔ་ཨིན་པས།
འཁོར་ལམ་གནས་སྟངས་ཀྱི་སྐོར་ལས་ རྒྱལ་པོའི་ཞིང་ཁྲོམ་གྱི་འཐུས་མི་ མགོན་པོ་གིས་ སླབ་མིའི་ནང་ གནད་དོན་དེ་ མོང་སྒར་ཁྲོམ་སྡེ་ལས་འཛིན་ལུ་ སྙན་ཞུ་འབད་ཡི་ཟེར་ཨིནམ་ད་ ཨིན་རུང་ ད་ལྟོ་ཚུན་ ག་ཅི་ཡང་ འབད་ཐབས་མ་བྱུང་པར་ ཡོད་ཟེར་ཨིན་པས།
མོང་སྒར་ཁྲོམ་སྡེ་ལས་འཛིན་གྱི་ བཟོ་རིག་འགོ་དཔོན་ ཚེ་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ མ་གཞི་ སྟབས་མ་བདེ་བའི་སྐོར་ལས་ མི་སེར་ཚུ་གིས་ འབྲེལ་ཡོད་ཡིག་ཚང་ལུ་ གསལ་ཞུ་འབད་དོ་ཡོདཔ་ཨིན་རུང་ མ་དངུལ་གྱི་ སྟབས་མ་བདེཝ་ཡོདཔ་ལས་ ད་ལྟོ་ཚུན་ འབད་ཐབས་ཅིག་ ག་ནི་ཡང་ མ་འབྱུང་པར་ ཡོད་ཟེར་ཨིན་པས།
དེ་ཡང་ ཁོ་གིས་སླབ་མིའི་ནང་ དེ་བཟུམ་གྱི་ ཞབས་ཏོག་དེ་ སྤྲོད་དགོ་པ་ཅིན་ དང་པ་ མ་དངུལ་དགོཔ་ལས་ རྒྱལ་པོའི་ཞིང་ཁྲོམ་གྱི་ འཁོར་ལམ་ཉམས་བཅོས་ཀྱི་ མ་དངུལ་གྱི་སྐོར་ལས་ འཆར་གཞི་ནང་ར་ མ་བཙུགས་པར་ཡོདཔ་ལས་ ད་ལྟོ་ ག་ནི་ཡང་འབད་མ་ཚུགས་རུང་ ཤུལ་ལས་ ཁྲོམ་སྡེ་ལས་འཛིན་གྱིས་ བལྟ་དགོཔ་འོང་ཟེར་ ཨིན་པའི་གནས་ཚུལ།
མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment