གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་པའི་གཙོ་འཛིན་ཚུ་གི་བར་ན་ མི་མང་རྩོད་བསྡུར་ལས་རིམ་ འགོ་འདྲེན་འཐབ་ཡོདཔ།

༩/༥/༢༠༡༣   ༉ འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་ཐོབ་མི་ སྲིད་དོན་ཚོགས་པ་༤ གི་ གཙོ་འཛིན་ཚུ་གི་བར་ན་ ཁ་ཙ་ ཐིམ་ཕུ་མཐོ་རིམ་སློབ་གྲྭ་ནང་སྦེ་ མི་མང་རྩོད་བསྡུར་ལས་རིམ་ འགོ་འདྲེན་འཐབ་ཅི།


ལས་རིམ་དེ་ཡང་ གཙོ་འཛིན་ཚུ་གིས་ འགོ་ཐོག་བཙག་འཐུ་ རན་དོ་ཡོད་མི་དང་འཁྲིལ་ འདེམས་ངོ་ལ་ལུ་ཅིག་གིས་ ལྟ་སྐོར་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ འགོ་ཐོག་བཙག་འཐུའི་དོན་ལུ་ མི་སེར་ཚུ་གིས་ ཚོགས་པ་ག་ལུ་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འབད་ནི་ཨིན་ན་ལུ་ ལྷན་ཐབས་སྦོམ་འབད་ཚུགས་ནི་ཨིན་པས།
མི་མང་རྩོད་འགྲན་འབད་བའི་སྐབས་ ཚོགས་པའི་གཙོ་འཛིན་ཚུ་གིས་ རང་སོའི་ཚོགས་པའི་ལྟ་བ་དང་ ཁས་བླངས་ཚུ་ འབད་ཡོདཔ་མ་ཚད་ གཙོ་འཛིན་ཚུ་གི་བར་ན་ དྲི་བཀོད་ཀྱི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ཅི།
དྲི་བཀོད་ཀྱི་སྐབས་ འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་གིས་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་ཆོས་སྒྲོན་ལུ་ གལ་སྲིད་མོ་གིས་ བློན་ཆེན་འབད་བ་ཅིན་ ག་དེ་སྦེ་ ཕྱག་ཞུ་ནི་སྨོ་ཟེར་ དྲི་བའི་ལན་ལུ་ རྡོ་རྗེ་ཆོས་སྒྲོན་གྱིས་ ཕྱུགཔོ་དང་ སྤྱང་ཀའི་བར་ན་ དབྱེ་བ་མེདཔ་བཟོ་ནི་དང་ དཔལ་འབྱོར་གོང་འཕེལ་གཏང་ནི་ འདྲ་མཉམ་སྤྱོད་ཚུགསཔ་བཟོ་ནི་ དེ་ལས་ མི་སེར་གྱིས་ གདམ་འཐུ་གྲུབ་པའི་གཞུང་ ག་ཅི་འོང་ག་ དེ་ཚུ་ལུ་ གཙོ་རིམ་བཟུང་ནི་ཟེར་ཨིན་པས།
དེ་བཟུམ་སྦེ་ ལི་ལི་དབང་ཕྱུག་གིས་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ལུ་ རྒྱལ་པོའི་ཞིང་གི་ སའི་རྩོད་རྙོགས་ནང་ ཉེས་འཛུགས་ཕོག་མི་ བློན་པོ་བགྲེསཔ་གཉིས་ལུ་ ཁྲིམས་འཐུས་བཏབ་ཆོགཔ་ཨིན་རུང་ ཏམ་ཁུའི་ཉེས་འཛུགས་ནང་ བསོད་ནམས་ཚེ་རིང་ལུ་ ཁྲིམས་འཐུས་བཏབ་མ་ཆོག་མི་དེ་ དྲང་བདེན་ག་དེ་སྦེ་ཡོདཔ་སྨོ་ཟེར་ དྲི་བཀོད་འབད་ཡི།
དེའི་ལན་ལུ་ བློན་ཆེན་བགྲེསཔ་གིས་ རྒྱལ་པོའི་ཞིང་གི་ སའི་རྩོད་རྙོགས་དེ་ ལོ་ངོ་༡༢ དེ་ཅིག་གི་ཧེ་མར་ བྱུང་ནི་དེ་གིས་ ཉགས་རྙོགས་སྦོམ་ཡོདཔ་ལས་ ད་ལྟོ་ མཐོ་གཏུགས་འབད་དེ་ཡོད་ཟེར་ཨིནམ་ད་ བསོད་ནམས་ཚེ་རིང་གི་ཁྲིམས་དེ་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ མ་བཀལ་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་གྱིས་ དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ལུ་ མོ་གི་ཚོགས་པ་གིས་ སྤྱི་ལོ་༢༠༡༣ ལུ་ ལྡོག་ཕྱོགས་འབད་ནི་གི་ གོ་སྐབས་འཐོབ་པ་ཅིན་ ག་ཅི་ར་ འབད་དགོཔ་འདུག་ག་ཟེར་བའི་ དྲི་བཀོད་འབད་ཡི།
དེའི་ལན་ལུ་ ཚེ་རིང་སྟོབས་རྒྱས་ཀྱིས་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ འཁོར་ལམ་ལེ་ཤ་བསལ་ཡོད་རུང་ མང་ཤོས་ར་ སྤྱོད་བཏུབ་མེདཔ་ཐལ་ཡོདཔ་ལས་ འགོ་དང་པ་ར་ དེ་ཚུ་ ལེགས་ཤོམ་སྦེ་ བསལ་གནང་ཟེར་ཨིནམ་ད་ རུ་པི་གི་དཀའ་ངལ་དེ་ཡང་ བསལ་གནང་ཟེར་བཤད་ཅི།
ལི་ལི་དབང་ཕྱུག་གིས་ ན་གཞོན་གྱི་ དཀའ་ངལ་བསལ་དགོ་པ་ཅིན་ སྲིད་ཚོགས་ནང་ ན་གཞོན་ཚུ་ར་ འོང་དགོཔ་ཁག་ཆེ་བས་ཟེར་ གསལ་བཤད་འབད་ཡོད་མི་ལུ་ བློན་ཆེན་བགྲེསཔ་གིས་ ཁོང་བཟུམ་མའི་ ལོ་ན་རྒས་མི་ཚུ་གིས་ ན་གཞོན་གྱི་དཀའ་ངལ་བསལ་མ་ཚུགསཔ་ཨིན་ན་ཟེར་དྲི་ཡི།
དེའི་ལན་ལུ་ ལི་ལི་དབང་ཕྱུག་གིས་ འདས་པའི་བློན་པོ་ཚུ་གིས་ ན་གཞོན་གྱི་དཀའ་ངལ་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་མ་གོཝ་ལས་ དཔེ་འབད་བ་ཅིན་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ འབྲུག་རྒྱལ་ལྔ་པ་ལུ་ དགུང་ལོ་༢༦ བཞེསཔ་ད་ར་ རྒྱལ་པོའི་ གོ་སྐབས་གནང་དོ་བཟུམ་སྦེ་ ན་གཞོན་ཚུ་ལུ་ཡང་ གོ་སྐབས་བྱིན་པ་ཅིན་ ཁོང་གིས་འབད་མ་ཚུགས་པའི་ དཔེ་མི་སྲིད་ནི་ཨིནམ་ལས་ ན་གཞོན་ཁོང་ར་ལུ་ར་ གོ་སྐབས་བྱིན་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།
རྡོ་རྗེ་ཆོས་སྒྲོན་གྱིས་ མོ་རའི་ཚོགས་པ་ནང་ མི་ག་ར་ སྤྱང་ཀ་ཙང་ཙ་ཡོད་པའི་ཁར་ རྒྱུ་སྟོབས་ཡོད་མི་ ག་ཡང་མེདཔ་ལས་ ཚོགས་པའི་རེ་བ་ཟེར་རུང་ མི་སེར་གྱི་དོན་ལུ་ ཚ་གྱང་ཡོདཔ་ལས་ རེ་བ་ཡང་ མི་སེར་ཚུ་ལས་ཡོད་ཟེར་ཨིནམ་ད་ ཚོགས་རྒྱན་བཙུགས་ནི་གི་ དུས་ཚོད་རན་དོ་ཡོདཔ་ལས་ ཚོགས་རྒྱན་དེ་ རྒྱུ་དང་དབང་ཚད་ཡོད་མི་ཚུ་གི་ལག་པར་ མི་ཚུད་ནི་གི་དོན་ལུ་ རིགཔ་བསྒྱིམ་དགོཔ་ཁག་ཆེ་ཟེར་ཨིན་པས།
དྲི་ལན་གྱི་སྐབས་ལུ་ གཙོ་འཛིན་ལ་ལུ་ཅིག་གིས་ གཞན་མི་གཙོ་འཛིན་ཚུ་གིས་ ཚོགས་པའི་ལྟ་བ་གི་སྐོར་ལས་ ཧ་གོ་མ་ཚུགསཔ་ལས་ དོགས་སེལ་ཚུ་ འབད་དགོཔ་ཐོན་ཡོདཔ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པ་གིས་ འདས་པའི་གསལ་བཤད་ནང་ བཤད་དོ་བཟུམ་སྦེ་ ཚོགས་པ་དེ་གིས་ ན་གཞོན་ཚུ་ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་འབད་བ་ཅིན་ ད་རུང་ གཞུང་སྐྱོང་ནི་གི་ གོ་སྐབས་འཐོབ་པ་ཅིན་ ལཱ་ཚུ་འཕྲོ་མཐུད་འབད་ནི་དང་ ཞི་གཡོགཔ་ཚུ་ལུ་ འགྲུལ་འཐུས་ཀྱི་ ཐོབ་ལམ་དང་འབྲེལ་བའི་ དཀའ་ངལ་ཡོདཔ་ལས་ བཅའ་ཁྲིམས་ཚུ་ བསྒྱུར་བཅོས་འབད་ནི་ཟེར་ཨིནམ་ད་ ས་གནས་གཞུང་གི་ ལཱ་འབད་མི་ཚུ་གི་ དངུལ་ཕོགས་ཡང་ བསྒྱུར་བཅོས་འབད་དེ་ དབང་ཚད་མང་སུ་སྤྲོད་ནི་ཟེར་ཨིན་པས།
ཨིན་རུང་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་གྱིས་ ཁ་ཙ་གི་ ལས་རིམ་དེ་ ཚོགས་པའི་ལྟ་བ་གི་སྐོར་ལས་ རྩོད་འགྲན་ཨིནམ་ལས་ ཚོགས་པ་གི་ ཁས་བླངས་སྐོར་ལས་ གསལ་ཞུ་མ་འབད།
དེ་བཟུམ་སྦེ་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་གྱིས་ འདས་པའི་གཞུང་སྐྱོང་གི་ གཙོ་འཛིན་ལུ་ འཕྲལ་ཁམས་ཅིག་ཁར་ བརྡ་བརྒྱུད་ཅིག་ནང་ ལྷན་ཁག་ཚུ་ནང་ བློན་པོ་འོགམ་བཀལ་ནི་གི་སྐོར་ལས་ བཀོད་ཡོད་མི་དེ་ རྩ་ཁྲིམས་ནང་བཀོད་དེ་མེད་པའི་སྐོར་ དྲི་བཀོད་འབད་ཡི།
དེའི་ལན་ལུ་ བློན་ཆེན་བགྲེསཔ་གིས་ རྩ་ཁྲིམས་དེ་ ཁྲིམས་ཚུ་གི་ གཞི་རྩ་ཨིནམ་ལས་ དོན་ཚན་ག་ར་ དེ་ནང་ འཁོད་མ་ཚུགས་པའི་ཁར་ ཁོང་གིས་ དེ་བཟུམ་མའི་ འཆར་གཞི་འབད་མི་དེ་ཡང་ བློན་པོ་ཚུ་ལུ་ ལཱ་འབད་མ་ཚར་བར་ཡོདཔ་ལས་ ན་གཞོན་ལཱ་གཡོག་མ་ཐོབ་མི་ཚུ་ལུ་ ལོགས་སུ་སྦེ་ ཕན་གྲོགས་འབད་ནི་གི་དོན་ལུ་ཨིན་ཟེར་ བཤད་ཅི།
ལི་ལི་དབང་ཕྱུག་གིས་ མོ་ར་ལུ་དགོཔ་ ག་ནི་ཡང་མེད་པའི་ཁར་ བལྟ་དགོཔ་ཡང་ ག་ཡང་མེདཔ་ལས་ མོ་གིས་ སྲིད་ཚོགས་ནང་ དང་འདོད་བསྐྱེད་དགོ་མི་ ངོ་མ་ར་ མི་སེར་ཚུ་གི་དོན་ལུ་ ཕྱག་ཞུ་ནི་སྦེ་ ཐོན་ཡོདཔ་ལས་ མི་སེར་ཚུ་གིས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་དེ་ མི་མང་རྩོད་འགྲན་ནང་ གསལ་བཤད་ལེགས་ཤོམ་སྦེ་ འབད་ཚུགས་མི་ལུ་བལྟ་སྟེ་ འབད་ནི་མི་འོང་ཟེར་ བཤད་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment