གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་གྱི་དོན་ལུ་ འདེམས་ངོ་༣ གྱིས་ དོ་འགྲན་འབད་ནི།

༡༠/༠༥/༢༠༡༣ དེ་ལས་ ཁྲི་འཛིན་འོག་མའི་དོན་ལུ་ འདེམས་ངོ་ཕུད་རྡོག་གཅིག་མ་གཏོགས་མེདཔ་ལས་ དགོ་མི་དགོ་གི་ ཚོགས་རྒྱན་བཙུགས་ནི་ཨིན་པས།
༉ ད་རིས་དྲོ་པར་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་ ཞལ་འཛོམས་དང་པ་འཚོགས་གནངམ་དང་འབྲེལ་ དྲོ་པའི་ཆུ་ཚོད་༡༠.༡༥ ལས་ ཚོགས་སྡེའི་ཁྲི་འཛིན་ གོང་འོག་གཉིས་ བཙག་འཐུ་འབད་ནི་ཨིན་པས།
ཁྲི་འཛིན་གྱི་འདེམས་ངོ་
འཇིགས་མེད་རིག་འཛིན།
དེ་ཡང་ ཁྲི་འཛིན་གྱི་དོན་ལུ་ འདེམས་ངོ་སྦེ་ཐོན་མི་ པདྨ་དགའ་ཚལ་རྫོང་ཁག་གི་འཐུས་མི་ སྐྱེས་ལོ་༤༢ ལང་མི་ འཇིགས་མེད་རིག་འཛིན་དང་ མགར་ས་ལས་ སྐྱེས་ལོ་༣༥ ལང་མི་ སངས་རྒྱས་མཁའ་འགྲོ་ བཀྲིས་སྒང་གི་འཐུས་མི་ དྲགོས་ཌོར་ཊར་བསོད་ནམས་ཀུན་དགའ་༣ གྱི་བར་ན་ དོ་འགྲན་འབད་ནི་ཨིནམ་ད་ ཁོང་གསུམ་ཆ་ར་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བགྲེསཔ་ཨིན་རུང་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ བཙག་འཐུའི་ནང་ ལོག་དོ་འགྲན་འབད་དེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ ཚེ་དབང་ནོར་བུ་གིས་ འགོ་འདྲེན་ཐོག་ ཁྱད་ལྡན་གྱི་ མི་ངོ་༥ རྩིས་ཏེ་ འཐུས་མི་༢༥ གི་གྲས་ལས་ ཁྲི་འཛིན་གྱི་ འདེམས་ངོ་བཏོན་པའི་ཤུལ་ལུ་ ཁོང་༣ གྱིས་ བསྐྱར་ཞིབ་ཚོགས་ཁང་གི་ ཁྲི་འཛིན་གྱི་ གོ་གནས་ལུ་ དོ་འགྲན་འབད་དགོ་པའི་སྐོར་ དུས་ཡུན་སྐར་མ་༡༠ རེ་ གསལ་བཤད་འབད་ཡི།
ཁྲི་འཛིན་གྱི་འདེམས་ངོ་
སངས་རྒྱས་མཁའ་འགྲོ།

དང་པ་ར་ འཐུས་མི་འཇིགས་མེད་རིག་འཛིན་གྱིས་ གསལ་བཤད་འབད་མིའི་ནང་ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་གྱི་ དོ་འགྲན་འབད་ནིའི་དོན་ལུ་ འཐུས་མི་ཚུ་ལས་ རྒྱབ་སྐྱོར་ཐོབ་ཡོད་རུང་ དེ་བསྒང་ ཉམས་མྱོང་མེད་ནི་དེ་གིས་ ཁོ་ལུ་ བློ་སྟོབས་མེདཔ་ལས་ དོ་འགྲན་མ་འབད་ཟེར་ཨིན་པས།
ཨིན་རུང་ འདས་པའི་ལོ་༥ གི་རིང་ ཚོགས་སྡེའི་ནང་ ཕྱག་ཞུ་ཡོདཔ་མ་ཚད་ སྤྱི་ཚོགས་དང་འབྲེལ་བའི་ ཚོགས་ཆུང་མང་རབས་ཅིག་ནང་ ཁྲི་འཛིན་འབད་བའི་ ཉམས་མྱོང་ལེ་ཤ་ཐོབ་ནི་དེ་གིས་ ད་རིས་ ཁྲི་འཛིན་གྱི་ གོ་གནས་འབག་ནི་གི་ དུས་ཚོད་རན་ཡོདཔ་སྦེ་ ཚོར་སྣང་བྱུང་མི་ལུ་བརྟེན་ དོ་འགྲན་འབད་ནི་སྦེ་ ཐག་བཏོག་ཅི་ཟེར་ འཐུས་མི་སྦེ་ ལོག་བཙག་འཐུ་གྲུབ་མི་ འཇིགས་མེད་རིག་འཛིན་གྱིས་ བཤད་ཅི།
ཁྲི་འཛིན་གྱི་འདེམས་ངོ་
དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ།

འཐུས་མི་སངས་རྒྱས་མཁའ་འགྲོ་གིས་ཡང་ འདས་པའི་ལོ་ངོ་༥ ནང་ ཉམས་མྱོང་མ་བཏུབ་བཏུབ་སྦེ་ ཐོབ་ནི་དེ་གིས་ ཚོགས་སྡེའི་ཁྲི་འཛིན་གྱི་དོན་ལུ་ འདེམས་ངོ་སྦེ་ ཐོན་ཡི་ཟེར་ གསལ་བཤད་འབད་ཡི།
དེ་གི་ནང་དོན་ཉིད་ལས་ འགན་ཁུར་སྦོམ་འབག་ནི་གི་ རེ་འདོད་ཡོད་མི་ལུ་བརྟེན་ དོ་འགྲན་འབདཝ་ཨིན་ཟེར་ ཁོ་གིས་ བཤད་པའི་ཁར་ གལ་སྲིད་ ཁོ་ ཁྲི་འཛིན་སྦེ་ བཙག་འཐུ་འགྲུབ་པ་ཅིན་ བསྐྱར་ཞིབ་ཚོགས་ཁང་ནང་ བྱ་སྒོའི་རིམ་པ་ཚུ་ ལྷག་པར་དུ་ དྭངས་གསལ་ཅན་བཟོ་ནི་ལུ་ གཙོ་རིམ་བཟུང་ནི་ཟེར་བཤད་ཅི།
དེ་ལས་ དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ་གིས་འབད་བ་ཅིན་ འདས་པའི་ལོ་༤ གི་རིང་ལུ་ ཚོགས་སྡེའི་ཁྲི་འཛིན་འོག་མའི་ གོ་གནས་ཐོག་ ཕྱག་ཞུ་བའི་སྐབས་ ཉམས་མྱོང་ཐོབ་ཡོདཔ་མ་ཚད་ ཚོགས་སྡེའི་ནུས་ཤུགས་དང་སྐྱོན་ཚུ་ ཧ་གོ་ཚུགས་ཅི་ཟེར་ཨིནམ་ད་ ཁོ་གི་རེ་བ་ལས་འབད་བ་ཅིན་ ཁྲི་འཛིན་གྱི་ འགན་འཁྲི་ཐོག་ གཙུག་སྡེ་སྒྲིང་སྒྲིང་ཡོད་མི་གུ་ ལྷག་པར་དུ་ རྩ་བརྟན་བཟོ་ནི་དང་ མི་སེར་གྱི་ ཉིན་བསྟར་མི་ཚེའི་གནས་སྟངས་ཚུ་དང་ འབྲེལ་གནད་ཅན་བཟོ་ནིའི་དོན་ལུ་ སྐྱོན་ཚུ་བསལ་ཐབས་འབད་ནི་ཟེར་ཨིན་པས།
ཁྲི་འཛིན་གྱི་ འགན་ཁུར་ངོ་མ་ར་ རྒྱལ་ཡོངས་ཚོགས་སྡེ་ སྲིད་དོན་འབྲེལ་མེད་ངེས་བརྟན་བཟོ་ནི་དང་ ཚད་མཉམ་དང་ དགག་བཤེར་གྱི་བྱ་སྒོ་སྒྲུབ་ཐོག་ལས་ གཙུག་སྡེ་སྒྲིང་སྒྲིང་བཟོ་ནི་དེ་ཨིན་ཟེར་ དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ་གིས་ བཤདཔ་ཨིན་པས།
དེ་ལས་ ཚོགས་སྡེའི་ཁྲི་འཛིན་འོག་མའི་དོན་ལུ་ འགོ་ཐོག་སྐབས་ འདེམས་ངོ་༢ ཐོན་ཡོད་རུང་ སྤ་རོའི་འཐུས་མི་ ཀ་ཀ་ཚེ་རིང་གིས་ གདམ་ངོ་ལས་ ཕྱིར་ཐོན་འབདཝ་ལས་ ཧཱ་ལས་ ཚོགས་སྡེའི་འཐུས་མི་སྦེ་ ལོག་བཙག་འཐུ་གྲུབ་མི་ སྐྱེས་ལོ་༣༩ ལང་མི་ ཚེ་རིང་རྡོ་རྗེ་རྐྱངམ་གཅིག་ཨིནམ་ལས་ ད་རིས་ དགོ་མི་དགོ་གི་ ཚོགས་རྒྱན་བཙུགས་ཐོག་ལས་ བཙག་འཐུ་འབད་ནི་ཨིནམ་ད་ ཚོགས་ཁང་ནང་ འཐུས་མི་༢༥ ཡོདཔ་ལས་ ཁོ་གིས་ ཚོགས་རྒྱན་ཉུང་ཤོས་༡༣ འཐོབ་དགོཔ་ཨིན་པས།
ཁྲི་འཛིན་འོག་མའི་འདེམས་ངོ་
ཚེ་རིང་རྡོ་རྗེ།

འཐུས་མི་ཚེ་རིང་རྡོ་རྗེ་ལུ་ཡང་ ཁྲི་འཛིན་འོག་མའི་ གོ་གནས་ལུ་ དོ་འགྲན་འབད་དགོ་པའི་ གནད་དོན་ག་ཅི་ཨིན་ན་ གསལ་བཤད་འབད་ནི་གི་ དུས་ཡུན་སྐར་མ་༡༠ བྱིན་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ འདས་པའི་ལོ་༥ གི་རིང་ ཚོགས་སྡེའི་ནང་ འཐུས་མི་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ལེ་ཤ་ཐོབ་མི་ལུ་བརྟེན་ འགན་ཁུར་ཐེབས་འབག་ཚུགས་ནི་ཨིན་པའི་ ཡིད་ཆེས་ཐོབ་ཅི་ཟེར་ཨིན་པས།
ཚོགས་སྡེའི་ཁྲི་འཛིན་གོང་འོག་༢ བཙག་འཐུ་གྲུབ་པའི་ཤུལ་ལུ་ འཐུས་མི་ཚུ་གིས་ རང་སོའི་ཁག་འགན་མ་ལེན་པའི་ཧེ་མར་ འབྲུག་གི་ཁྲིམས་སྤྱི་བློན་པོ་ལུ་ གོ་གནས་ཀྱི་ དམ་བཅའམ་ ངོས་ལེན་ཕུལ་ནི་དང་ ཁྲི་འཛིན་གོང་འོག་གཉིས་ཀྱིས་ གསང་བའི་དམ་བཅའམ་ ངོས་ལེན་ཕུལ་ནི་ཨིན་པའི་གནས་ཚུལ། 
                                                                                     རིག་འཛིན་དབང་ཕྱུག།

No comments:

Post a Comment