གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨེ་ཏོག་མེ་ཏོག་གི་དུས་སྟོན་ འགོ་ཐོག་བརྩི་སྲུང་འབད་ནི།

༡༠/༥/༢༠༡༣   ༉ ནངས་པ་ལས་འགོ་བཙུགས་ཏེ་ སྤྱི་ཟླ་༥ པའི་ཚེས་༡༣ ཚུན་ ཐིམ་ཕུ་བླམ་དཔལ་རི་ རྒྱལ་གཞུང་སྐྱེ་ལྡན་གླིང་ཁ་ནང་སྦེ་ རྒྱལ་ཁབ་ནང་ ཨེ་ཏོག་མེ་ཏོག་གི་དུས་སྟོན་འགོ་དང་པ་ བརྩི་སྲུང་འབད་ནི་ཨིནམ་བཞིན་དུ་ དེ་ནང་ གླིང་ཁའི་ཉེ་འདབས་ལུ་ཡོད་པའི་ ཐིམ་ཕུ་རྫོང་ཁག་གི་ས་གནས་ ལྕང་དང་ ཀ་ཝང་ དར་དཀར་ལ་ དེ་ལས་ སྤུ་ན་ཁའི་ སྟོད་པའི་རྒེད་འོག་གི་ མི་སེར་ཚུ་གིས་ འབྲེལ་གཏོགས་འབད་ནི་ཨིན་པས།


དུས་སྟོན་བརྩི་སྲུང་དེ་ཡང་ སྤྲོ་སྟོན་དང་ ཞབས་ཁྲའི་ལས་རིམ་ བཟའ་འཐུང་གི་རིགས་ དེ་ལས་ ཤེས་ཡོན་དང་ གོ་བརྡའི་ལས་རིམ་ཚུ་གི་སྐོར་ལས་སྦེ་ འགོ་འདྲེན་འཐབ་ནི་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་མི་ སོ་ནམ་ལྷན་ཁག་གི་ ནགས་ཚལ་དང་གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱི་འོག་ལུ་ཡོད་པའི་ རང་བཞིན་བསྐྱར་གསོ་དང་སྐྱེ་ལྡན་ལྟ་བཤལ་སྡེ་ཚན་ལས་ ནགས་ཚལ་འགོ་དཔོན་ སྐལ་བཟང་ཚེ་རིང་གིས་ སླབ་མིའི་ནང་ དུས་སྟོན་དེ་གི་སྐབས་ རྒེད་འོག་རང་སོའི་ གཡུས་སྒོ་ཚུ་ནང་གི་ ལམ་སྲོལ་དང་འཁྲིལ་བའི་ སྤྲོ་སྟོན་ལས་རིམ་དང་ སྔོན་དང་ཕུ་ རང་སོའི་ཕམ་ཚུ་གིས་ འབད་སྲོལ་ཡོད་པའི་བཞེས་སྒོ་ཚུ་འབད་དེ་ བཙོང་ནི་ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མི་དང་འཁྲིལཝ་ད་ ལས་རིམ་ཚུ་གི་གྲས་ལས་ སྟོད་པའི་རྒེད་འོག་གི་ སྟག་དང་དོམ་གྱི་འཆམ་དང་ མེས་གེ་ཟེར་བའི་ཟས་ཚུ་ བཟོ་ནི་ཨིན་མི་དེ་ སྤྲོ་སྣང་ཆེ་ཏོག་ཏོ་ཅིག་འོང་ནི་ཨིན་པས།
གཞན་མི་དུས་སྟོན་ཚུ་གི་སྐབས་ བཟའ་འཐུང་གི་རིགས་ཚུ་ ཁྲོམ་ཚུ་ནང་ བཟའ་ཁང་བཙུགས་སྡོད་མི་ཚུ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ དུས་སྟོན་དེ་ནང་ གཡུས་མི་ཚུ་གིས་ སྔར་སྲོལ་ལམ་ལུགས་ཐོག་ལས་ ཨ་ར་དང་ བང་ཆང་ དེ་ལས་ སིང་ཆང་ཚུ་ བཟོ་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ ཤེས་ཡོན་དང་ གོ་བརྡའི་ལས་རིམ་ནང་ འབྲེལ་གཏོགས་འབད་མི་ མི་སེར་ཚུ་ལུ་ འབྲུག་གི་ བཀག་འཛིན་ཅན་གྱི་ ས་ཁོངས་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་ནི་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དུས་སྟོན་གྱི་སྐབས་ མི་སེར་ཚུ་ སྐྱེ་ལྡན་ལྟ་བཤལ་གྱི་ ལམ་ཚུ་བདའ་སྟེ་ ལམ་སྟོན་འབད་ཐོག་ལས་ རང་བཞིན་གྱིས་སྐྱེས་ཡོད་མི་ ཨེ་ཏོག་མེ་ཏོག་ཚུ་ སྟོན་ནི་དང་ དུས་ཚོད་དང་འཁྲིལ་ བྱའི་རིགས་ཚུ་བལྟ་ནིའི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ ཨེ་ཏོག་མེ་ཏོག་ རིགས་མ་འདྲཝ་༤༦ འབད་མི་ཚུ་ག་ར་ མི་སེར་ཚུ་ལུ་ གསལ་སྟོན་འབད་ནི་ཨིནམ་ལས་ ཤུལ་ལས་ མི་སེར་ཚུ་གིས་ མེ་ཏོག་ཚུ་ ངོས་འཛིན་འབད་ཚུགས་ནི་ལུ་ ཕན་ཐབས་འབྱུང་ནི་ཨིན་པས།
དུས་སྟོན་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ བཀག་དམ་ཅན་གྱི་ ས་ཁོངས་ཚུ་ནང་ ལྟ་བཤལ་གྱི་ལས་སྣ་ཚུ་ གོང་འཕེལ་གཏང་ནིའི་དོན་ལུ་ཨིནམ་ད་ དུས་སྟོན་དེ་ བླམ་དཔལ་རི་སྐྱེ་ལྡན་གླིང་ཁ་ནང་སྦེ་ བརྩི་སྲུང་འབད་མི་དེ་ཡང་ འབྲུག་ལུ་ ཨེ་ཏོག་མེ་ཏོག་གི་རིགས་༤༦ ཐོ་བཀོད་འབད་ཡོད་ས་ལས་༢༩ གླིང་ཁ་དེ་ནང་ ཡོད་མི་ལུ་བརྟེན་ཏེ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་ལས་ཕར་ ལས་རིམ་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་དང་ དེ་ནང་ འཕྲིན་ལས་སྒང་སློབ་གྲྭ་ཆུང་བ་དང་ བདེ་ཆེན་རྩེ་མོ་འབྲིང་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་གིས་ཡང་ འབྲེལ་གཏོགས་འབད་འོང་ཟེར་ཨིན་པས།
དེ་བསྒང་ རྟ་གུ་གཞོན་ནི་དང་ གཡག་གུ་གཞོན་ནིའི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment