གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་གོང་འོག་༢ བཙག་འཐུ་གྲུབ་ཡོདཔ།

༡༡/༥/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་གསརཔ་ བཙག་འཐུ་གྲུབ་མི་དེ་གིས་ ཡིག་ཚང་གི་ འགན་ཁུར་འབག་སྟེ་ འགོ་བཙུགསཔ་ད་ སྤྱི་ཚོགས་དང་འབྲེལ་བའི་ བྱ་སྒོའི་ལམ་ལུགས་ཚུ་གི་སྐོར་ལས་ འཐུས་མི་གསརཔ་ཚུ་ལུ་ གོམས་འདྲིས་ཚུད་བཅུག་ནི་དང་ རྒྱལ་ཡོངས་གནད་དོན་ཚུ་གི་སྐོར་ལས་ ཤེས་རྟོགས་ཡོདཔ་བཟོ་ནི་ དེ་ལས་ ལཱ་འགན་བསྒྲུབ་ནིའི་དོན་ལུ་ བསྐྱར་ཞིབ་ཚོགས་ཁང་གི་ ཚོགས་ཆུང་ཚུ་ གཞི་བཙུགས་འབད་ནི་གི་ མནོ་བསམ་བཏངམ་ཨིན་པས།


དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་༢༥ གིས་ ཚོགས་རྒྱན་བཙུགས་མི་ལས་ རྒྱན་གྲངས་༡༥ ཐོབ་སྟེ་ ཚོགས་སྡེའི་ཁྲི་འཛིན་གསརཔ་སྦེ་ བཙག་འཐུ་གྲུབ་མི་ བཀྲིས་སྒང་རྫོང་ཁག་གི་འཐུས་མི་ དྲགོས་ཌོག་ཊར་བསོད་ནམས་ཀུན་དགའ་གིས་ སླབ་ཨིན་པས།
ཁྲི་འཛིན་གྱི་ གོ་གནས་དོན་ལུ་ དོ་འགྲན་འབད་མི་ འཐུས་མི་གཞན་ མགར་ས་ལས་ སངས་རྒྱས་མཁའ་འགྲོ་གིས་ ཚོགས་རྒྱན་༨ དང་ པདྨ་དགའ་ཚལ་གྱི་འཐུས་མི་ འཇིགས་མེད་རིག་འཛིན་གྱིས་ ཚོགས་རྒྱན་༢ མ་གཏོགས་ ཐོབ་མ་ཚུགས།
བཙག་འཐུ་གྲུབ་པའི་ཤུལ་ལུ་ ཁྲི་འཛིན་གསརཔ་ལུ་ བཀྲིས་བདེ་ལེགས་ཞུ་མི་ འཆམ་མཐུན་དང་ ལྟ་ལྟོ་ཚང་ཚུ་ལས་ འགྲུལ་འཕྲིན་གཅིག་ཤུལ་གཉིས་ཤུལ་སྦེ་ ལྷོད་མི་ལུ་བརྟེན་ འཐུས་མི་མཉམ་རོགས་དང་ ལེགས་སྨོན་ཕུལ་མི་ གཞན་ཚུ་ལུ་ བཀྲིན་ཆེ་ཟེར་ ཞུ་ནི་གི་ གོ་སྐབས་ཡང་ མ་ཐོབ་པར་ འདུ་འཛི་ཅན་སྦེ་སྡོད་སར་ མཐོང་གསལ་བྱུང་ཡི།
དྲགོས་བསོད་ནམས་ཀུན་དགའ་གིས་འབད་བ་ཅིན་ ཁོ་གིས་ ཚོགས་རྒྱན་ཐོབ་མི་ཚུ་ ཁོ་ར་གིས་ རྩིས་རྐྱབ་མི་ ཚོད་རྩིས་གུ་ ཧ་ལམ་ཕོག་ཅི་ཟེར་ཨིན་ཨིན་པས།
ཚོགས་སྡེའི་འཐུས་མི་གཞན་ཚུ་གིས་ སླབ་མིའི་ནང་ བཙག་འཐུ་མ་འབད་བའི་ ཉིནམ་༡ གི་ཧེ་མར་ ཁོང་ལུ་ འགྲུལ་འཕྲིན་གཅིག་ཤུལ་གཉིས་ཤུལ་སྦེ་ལྷོདཔ་ལས་ ཞག་ཡང་ལེགས་ཤོམ་སྦེ་ ཉལ་མ་ཚུགས་ཟེར་ཨིན་པས།
ཁྲི་འཛིན་གྱི་ འདེམས་ངོ་༣ ཆ་ར་གིས་ ཁོང་ལུ་ རྒྱབ་སྐྱོར་འབད་དགོཔ་སྦེ་ འགྲུལ་འཕྲིན་ལན་ཐེངས་ལེ་ཤ་བཏང་ཡོདཔ་མ་ཚད་ རྒྱབ་སྐྱོར་ཡོད་པའི་ གཏན་འཁེལ་བཟོ་ནིའི་དོན་ལུ་ ནན་བསྐྱར་དུ་ བརྒྱུད་འཕྲིན་ལྷོད་མི་ལུ་བརྟེན་ དྲོ་པ་ཚོགས་རྒྱན་བཙུགས་མ་རན་ཚུད་ཚོད་ ཁོ་གི་ འགྲུལ་འཕྲིན་དེ་ ལག་ལེན་འཐབ་མ་བཏུབ་ བཟོ་བཞག་དགོཔ་ ཐོན་སོ་ཡི་ཟེར་ འཐུས་མི་ཅིག་གིས་ སླབ་ཨིན་པས།
འཐུས་མི་ལེ་ཤ་ཅིག་གིས་ སླབ་མིའི་ནང་ འདེམས་ངོ་༣ ཆ་ར་ལུ་ འདས་པའི་གནས་ཡུན་སྐབས་ ཕྱག་ཞུ་བའི་ ཉམས་མྱོང་ཡོད་རུང་ ཁ་བདེ་ལྕེ་བདེ་ཡོད་མི་གིས་མ་དོ་བར་ གཙུག་སྡེ་དང་ འཐུས་མི་ཚུ་ལུ་ ག་དེ་སྦེ་ ཕྱག་ཞུ་ནི་ཨིན་ན་ ཁས་བླངས་འབད་མི་ཚུ་ལུ་ གཞི་བཞག་སྟེ་ ཚོགས་རྒྱན་བཙུགས་ཅི་ཟེར་ཨིན་པས།
ཁྲི་འཛིན་གསརཔ་གིས་ སླབ་མིའི་ནང་ ཚོགས་སྡེའི་འགན་ཁུར་འབག་ནི་ འགོ་བཙུགསཔ་ད་ དང་པ་ར་ འཐུས་མི་གསརཔ་ཚུ་ལུ་ སྲིད་བྱུས་དང་ རྒྱལ་ཡོངས་མཐའ་དོན་ཚུ་གི་སྐོར་ལས་ གོམས་འདྲིས་ཚུད་བཅུག་པའི་ཤུལ་ལུ་ ཚོགས་ཆུང་ཚུ་ གཞི་བཙུགས་འབད་ནི་དང་ ཁྲི་འཛིན་ཚུ་ བཙག་འཐུ་འབད་ཐོག་ལས་ འགན་འཁྲི་ཚུ་ བཀལ་ནི་ཟེར་ཨིན་པས།
དེ་ལས་ ཧཱ་གི་འཐུས་མི་ ཚེ་རིང་རྡོ་རྗེ་དེ་ དོ་འགྲན་མེད་པའི་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགས་ཐོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་འོག་མ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གིས་ དགོ་གི་ཚོགས་རྒྱན་༢༥ ཆ་མཉམ་ཐོབ་ཅི།
ཁོ་གིས་འབད་བ་ཅིན་ ཁོ་གི་འགན་ཁུར་དེ་ བསྐྱར་ཞིབ་ཚོགས་ཁང་གི་ བྱ་སྒོ་ཚུ་འཐབ་ད་ ཁྲི་འཛིན་ལུ་ རྒྱབ་སྐྱོར་དང་ མཉམ་འབྲེལ་འབད་ནི་དེ་ཨིནམ་ད་ ཁྲི་འཛིན་འོག་མའི་ འགན་འཁྲི་ཐོག་ལུ་ ཁོ་གིས་ དང་པ་ར་ འཐུས་མི་ཚུ་ལུ་ ཚོགས་ཁང་གི་ ལཱ་འབད་ཐངས་དང་ བསྐྱར་ཞིབ་ཀྱི་འགན་ཁུར་ དེ་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཅའ་ཁྲིམས་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་དེ་ གོམས་འདྲིས་ཚུད་བཅུག་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།

ཁྲི་འཛིན་གོང་འོག་ བཙག་འཐུ་གྲུབ་པའི་ཤུལ་ལུ་ འཐུས་མི་ཚུ་གིས་ འབྲུག་གི་ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ལུ་ གོ་གནས་ཀྱི་ དམ་བཅའམ་ ངོས་ལེན་ཕུལ་ཡོདཔ་མ་ཚད་ ཁྲི་འཛིན་གོང་འོག་༢ ཀྱིས་ གསང་བའི་དམ་བཅའམ་ ངོས་ལེན་ཕུལ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment