གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོད་འགྲན་དང་པ་དང་ཕྱདཔ་ད་ གཉིས་པ་དེ་ སྤྲོ་སྣང་ཆེཝ་སྦེ་ མཐོང་གསལ།

༡༡/༥/༢༠༡༣   ༉ ཁ་ཙ་ སྲིད་དོན་ཚོགས་པ་ཚུ་གི་བར་ནའི་ མི་མང་རྩོད་བསྡུར་༢ པའི་ དྲི་བཀོད་ལས་རིམ་ནང་ འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་འོག་མ་ ཌོག་ཊར་རྟ་མགྲིན་གྱིས་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་འོག་མ་ ཌོག་ཊར་པདྨ་རྒྱ་མཚོ་ལུ་ ག་དེམ་ཅིག་སྦེ་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ ད་རེས་ གསོལ་རས་སྦེ་ཐོབ་མིའི་ སྣུམ་འཁོར་པ་ར་ཌོ་ཚུ་ར་ ལག་ལེན་འཐབ་ནི་ཨིན་ན་ ཡང་ན་ སྣུམ་འཁོར་གསརཔ་ ཉོ་སྒྲུབ་འབད་ནི་ཨིན་ན་ཟེར་ དྲི་བཀོད་འབད་ཡི།
སྲིད་ཚོགས་༤ གི་ ངོ་ཚབ་ཚུ་གིས་ གསལ་བཤད་འབད་བའི་བསྒང་།


དེ་དང་འབྲེལ་ ལྡོག་ཕྱོགས་འགོ་ཁྲིདཔ་དང་ བརྡ་བརྒྱུདཔ་ཚུ་གིས་ སྣུམ་འཁོར་ཚུ་ གསོལ་རས་སྦེ་ འཐོབ་ཐོབ་མེན་པར་ སྐྱིད་སྡུག་ཞུ་ཡོདཔ་སྦེ་ སླབ་ཡོདཔ་ལས་ དེ་ལུ་ཡང་ དོགས་ལ་ཅིག་ འབད་དགོཔ་སྦེ་ སླབ་ཅི།
དེ་གི་ལན་ལུ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ སྲིད་ཟེར་མི་དེ་ འདི་བཟུམ་ཅིག་ལུ་སླབ་ནི་ཨིནམ་ད་ དེ་བཟུམ་མའི་ གནད་དོན་ཚུ་ཡང་ གཙོ་བོ་ར་ མི་སེར་ཚུ་གི་ སེམས་དཀྲུགས་ནི་ལུ་དམིགས་ཏེ་ བཏོནམ་ཨིན་མས་ཟེར་སླབ་ཅི།
ཁོ་གིས་འབད་བ་ཅིན་ སྣུམ་འཁོར་ཚུ་ སྐྱིད་སྡུག་ཞུ་ཡོདཔ་སྦེ་ མ་གོ་ཟེར་ཨིནམ་ད་ དང་ཕུའི་ལམ་སྲོལ་དང་བསྟུན་ གསོལ་རས་སྦེ་ཐོབ་ཡོདཔ་ལས་ ད་རེས་དེ་ལུ་ གུས་ཞབས་ཐོག་ལས་ ལེན་ཡོད་ཟེར་སླབ་ཅི།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ སྣུམ་འཁོར་དེ་ ལོག་གཞུང་ལུ་ ཕུལ་མི་དེ་ཡང་ ཁོ་ར་ལུ་ སྣུམ་འཁོར་གཞན་ཡོདཔ་འོང་ནི་དང་ ཡང་ན་ རྒྱུ་དངོས་གཞན་ཚུ་ ཡོད་ནི་དེ་གིས་ ཨིནམ་འོང་ཟེར་སླབ་ཅི།
འདས་པའི་ལོ་ཚུ་ནང་ ཞི་གཡོགཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་ཚུ་ ཐོབ་སྟེ་ཡོདཔ་ཨིན་རུང་ བློན་པོ་ཚུ་ སྤྱི་ལོ་༡༩༩༨ ཀྱི་ དངུལ་ཕོགས་ཚད་གཞི་དེ་ར་ ལེན་ཏེ་ཡོདཔ་མ་ཚད་ ཤུལ་ལས་ ལྕོགས་གྲུབ་ཅན་གྱི་མི་ངོ་ཚུ་གིས་ སྲིད་དོན་ནང་ བཅའ་མར་གཏོགས་ནི་ལུ་ སེམས་ཤུགས་བསྐྱེད་ཐབས་ལུ་ དེ་བཟུམ་མའི་ མཐུན་རྐྱེན་ཚུ་ ལེགས་ཤོམ་བཟོ་དགོཔ་དེ་ཡང་ ཁག་ཆེ་བའི་ དོགས་སེལ་འབད་ཡི།
ཨིན་རུང་ ཌོག་ཊར་རྟ་མགྲིན་གིས་ དྲི་བ་གཉིས་པ་དེ་ལུ་ ལན་གསལ་ག་ཅི་ཡང་ ཐོབ་མ་ཚུགས་ཟེར་སླབ་ཅི།
འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་འོག་མ་གིས་ འབྲུག་སྤྱིར་དབང་ཚོགས་པའི་ཁྲི་འཛིན་ ལི་ལི་དབང་ཕྱུག་ལུ་ མོ་གིས་ གསལ་བཤད་འབད་བའི་སྐབས་ འབྲུག་ཕུན་སུམ་ཚོགས་པ་གིས་ ད་ལྟོ་ཚུན་ལུ་ ཁྲིམས་དང་ སྲིད་བྱུས་ཚུ་ ས་གནས་ཀྱི་མི་སེར་ཚུ་དང་ འབྲེལ་གཏོགས་འབད་དེ་ བཟོ་ཡོདཔ་ཨིན་རུང་ མ་འབདཝ་བཟུམ་སྦེ་ར་ སླབ་ཡོདཔ་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་ མ་འདྲཝ་སྦེ་ ག་དེ་སྦེ་ འབད་ནི་ཨིན་ནའི་སྐོར་ལས་ དྲི་བ་བཀོད་ཅི།
དེ་གི་ལན་ལུ་ ལི་ལི་དབང་ཕྱུག་གིས་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ འཆར་གཞིའི་ལཱ་ཚུ་གི་དོན་ལུ་འབད་བ་ཅིན་ མི་སེར་དང་ གྲོས་བསྟུན་འབད་ཡོདཔ་འོང་ནི་ཨིན་རུང་ སྲིད་བྱུས་ཚུ་ བཟོ་བའི་སྐབས་ གྲོས་བསྟུན་འབད་ས་ མ་མཐོང་ཟེར་སླབ་ཅི།
གལ་སྲིད་ གྲོས་བསྟུན་འབད་དེ་ བཟོ་བཟོཝ་འབད་བ་ཅིན་ ཏམ་ཁུ་གི་བཅའ་ཁྲིམས་ཚུ་ ལག་ལེན་འཐབ་པའི་སྐབས་ བྱ་སྟབས་མ་བདེཝ་ཐོན་ཏེ་ བསྒྱུར་བཅོས་འབད་དགོཔ་ མ་ཐོནམ་འོང་ཟེར་སླབ་ཅི།
རྩོད་བསྡུར་གྱི་སྐབས་ སྲིད་ཚོགས་མང་ཤོས་ཅིག་གི་ ཁས་བླངས་དང་ ལྟ་བ་ཚུ་ནང་ འདྲ་མཉམ་དང་ དྲང་བདེན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ ཨམ་སྲུ་ཚུ་གི་དོན་ལུ་ སྤྱི་ཚོགས་དང་ ས་གནས་གཞུང་ཚུ་ནང་ ས་སྟོང་སྔོན་བཞག་འབད་ནི་ ན་གཞོན་གྱི་ དཀའ་ངལ་བསལ་ནི་ དེ་ལས་ བརྡ་དོན་ཐོབ་དབང་ཚུ་ ཚུད་ཡོདཔ་ལས་ དེ་ལུ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ ད་རེས་ སྲིད་ཚོགས་གཞན་ཚུ་གི་ ཁས་བླངས་གསལ་བསྒྲགས་ཚུ་ འབྲུག་ཕུན་སུམ་ཚོགས་པའི་ སྤྱི་ལོ་༢༠༠༨ ཀྱི་ ཁས་བླངས་གསལ་བསྒྲགས་ནང་ ཚུད་དེ་ཡོདཔ་ལས་ དེ་ཚུ་ ལུ་ དཔེ་ལྟ་སྟེ་ བཟོ་བཟོཝ་བཟུམ་ཅིག་ མཐོངམ་མས་ཟེར་སླབ་ཅི།
ལི་ལི་དབང་ཕྱུག་གིས་འབད་བ་ཅིན་ འབྲུག་སྤྱིར་དབང་ཚོགས་པའི་ ཁས་བླངས་གསལ་བསྒྲགས་བཟུམ་ཅིག་ནང་ འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་དང་ མ་འདྲ་བའི་ ཁྱད་ཆོས་ལེ་ཤ་ཡོད་ཟེར་སླབ་ཅི།
མི་སེར་དམངས་གཙོ་ཚོགས་པ་གིས་ ཁས་བླངས་གསལ་བསྒྲགས་སྐབས་ བརྡ་བརྒྱུདཔ་ཚུ་ ཡུན་བརྟན་བཟོ་ནི་ཟེར་མི་ལུ་ འབྲུག་ཕུན་སུམ་ཚོགས་པའི་ཁ་ཐུག་ལས་ དེ་ཚུ་ ག་དེ་སྦེ་ར་ འབད་ནི་ཨིན་ན་ཟེར་ ཌོག་ཊར་པདྨ་རྒྱ་མཚོ་གིས་ དྲི་བཀོད་འབད་བའི་ལན་ལུ་ དམ་ཆོས་རྡོ་རྗེ་གིས་ བརྡ་བརྒྱུདཔ་ཚུ་ལུ་ དངུལ་ཕོགས་ཚུ་ གཞུང་ལས་བྱིན་ཐབས་མེད་རུང་ ལྷན་ཁག་ཚུ་ནང་ གསལ་བསྒྲགས་ཚུ་གི་དོན་ལུ་ མ་དངུལ་ འབོར་ཆེ་ཏོག་ཏོ་ཡོདཔ་ལས་ དེ་གི་བགོ་བཤའ་ཚུ་ བརྡ་བརྒྱུད་ཡིག་ཚང་ག་ར་གིས་ འཐོབ་ཚུགསཔ་བཟོ་ནི་ལུ་ ཤུགས་གཏོན་ནི་ཨིན་ཟེར་སླབ་ཅི།
དེ་ལས་ སྲིད་ཚོགས་གཞན་ཚུ་གིས་ རྒྱལ་ཁབ་ནང་ རུ་པི་གི་དཀའ་ངལ་ཐོན་མི་དང་ རྒྱལ་ཁབ་ཀྱི་ བུ་ལོན་ཚུ་ ཡར་སེང་སོང་ཡོད་པའི་སྐོར་ལས་ དྲི་བ་ཚུ་ བཀོད་ཡོད་མི་དང་འཁྲིལ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ དོགས་སེལ་ཚུ་ འབད་ཡོདཔ་ཨིན།
རྩོད་བསྡུར་དེ་ནང་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་འོག་མ་ ཌོག་ཊར་པདྨ་རྒྱ་མཚོ་དང་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་འོག་མ་ དམ་ཆོས་རྡོ་རྗེ་ འབྲུག་སྤྱིར་དབང་ཚོགས་པའི་གཙོ་འཛིན་ ལི་ལི་དབང་ཕྱུག་ དེ་ལས་ འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་འོག་མ་ ཌོག་ཊར་རྟ་མགྲིན་ཚུ་གིས་ འབྲེལ་གཏོགས་འབད་ཡོདཔ་ཨིན།
ལི་ལི་དབང་ཕྱུག་གིས་ མཇུག་བསྡུ་གསལ་བཤད་སྐབས་ མི་མང་ཤོས་ཅིག་གིས་ མོ་གིས་ བློན་ཆེན་སྦེ་ ཕྱག་ཞུ་མི་ཚུགས་ནི་བཟུམ་སྦེ་ མཐོང་སྲིད་ནི་ཨིན་རུང་ མོ་ར་ལུ་ ལཱ་གི་ཉམས་མྱོང་ཡོདཔ་ལས་ འབད་ཚུགས་ཟེར་ སླབ་ཡོདཔ་མ་ཚད་ གལ་སྲིད་ མོ་གིས་ འབད་མ་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ སྲིད་དོན་ནང་ བཅའ་མར་ཡང་ མ་གཏོགསཔ་འོང་ཟེར་སླབ་ཅི།
དེ་བསྒང་ འབྲེལ་གཏོགས་འབད་མི་ མི་སེར་དག་པ་ཅིག་གིས་འབད་བ་ཅིན་ སྲིད་དོན་ཚོགས་པའི་ སྲིད་འཛིན་ཚུ་གི་ མི་མང་རྩོད་བསྡུར་དང་པ་དང་ཕྱདཔ་ད་༢ པ་དེ་ སྤྲོ་སྣང་ཆེཝ་སྦེ་ མཐོང་ཡོདཔ་སྦེ་ སླབ་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment